བོད་ནང་དཔལ་འབྱོར་འཕེལ་རྒྱས་རྒྱུན་འཁྱོངས་ཡོད་ལུགས།
2008.12.22
༄༅༎བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ནས་བོད་ནང་སྔར་རྒྱུན་ལྟར་ད་ལོའི་ཕྱོགས་བསྡོམས་དཔལ་འབྱོར་ཐོན་སྐྱེད་བརྒྱ་ཆ་བཅུ་དང་གྲངས་ཆུང་གཅིག་ཙམ་ཟིན་ཏེ་འདས་པའི་ལོ་ངོ་བཅུ་དྲུག་རིང་གི་དཔལ་འབྱོར་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག
བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་འགན་འཛིན་བྱམས་པ་ཕུན་ཚོགས་ལགས་ཀྱིས་གཟའ་ཉི་མའི་ཉིན་ཚོགས་པའི་དཔལ་འབྱོར་ལྷན་ཚོགས་ཤིག་གི་ཐོག་འགྲེལ་བརྗོད་གནང་བར་ད་ལོ་བོད་ནང་གཏན་འཇགས་རྒྱུ་དངོས་མ་གནས་རྒྱ་ནག་མི་མང་ཤོག་སྒོར་ཐེར་འབུམ་གསུམ་ཅུ་སོ་གཅིག་ཙམ་གྱི་མ་རྩ་འཛུགས་མཁན་བྱུང་ཡོད་པ་དང་དེ་ནི་སྔ་ལོ་ནས་ལྟོས་ན་བརྒྱ་ཆ་བཅུ་བཞི་དང་གྲངས་ཆུང་གསུམ་ཙམ་འཕར་ཆ་བྱུང་བ་ཡིན་ཞིང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་བྱུང་བཞིན་པ་དེ་རྒྱ་ཆེའི་བོད་ནང་ཞིང་པ་དང་འབྲོག་པ་ཚོར་ཁེ་ཕན་ཆེན་པོ་བྱུང་ཡོད་ལུགས་དང་ད་ཆ་ཞིང་འབྲོག་མང་ཚོགས་ཀྱི་ལོ་རེའི་ཡོངས་ཁུངས་ཆ་སྙོམས་བྱས་ན་རྒྱ་ནག་མི་མང་ཤོག་སྒོར་གསུམ་སྟོང་བརྒྱ་དང་བདུན་ཅུ་ཙམ་ཟིན་གྱི་ཡོད་ལུགས་དང་ལོ་ལྟར་བརྒྱ་ཆ་བཅུ་གསུམ་དང་གྲངས་ཆུང་བདུན་ཙམ་འཕར་སྣོན་བྱུང་ཡོད་ལུགས་བརྗོད་འདུག ཡང་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་བྱམས་པ་ཕུན་ཚོགས་ལགས་ནས་བོད་ཀྱི་ད་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་དེས་ད་ལོ་བོད་ནང་གསུམ་རྒྱ་བཅུ་བཞི་དོན་རྐྱེན་གྱིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་བཟོས་པ་དང་དེ་བཞིན་བོད་ཀྱི་འབྲོག་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་དེ་མིན་བོད་ཀྱི་ལྷོ་ཁ་ཁུལ་དུ་གངས་སྐྱོན་གྱི་གནོད་འཚེ་སོགས་ལ་ཁ་གཏད་ཀྱི་དཀའ་ངལ་དེ་དག་སེལ་རྒྱུའི་དམིགས་ཡུལ་སྒྲུབ་པ་ཡིན་ལུགས་སོགས་གསུང་བཤད་གནང་ཡོད་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་འདུག