ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་སྐོར་དང་ཡར་རྒྱས་བཏང་སྐོར་བཤད་བཞིན་བོད་ནང་དམ་དྲག་དང་བརྟན་བརླིང་ཆེད་འགྲོ་གྲོན་ཤུགས་ཆེན་གཏོང་བཞིན་པ་ནི་ནང་འགལ་ཡིན་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

2025.03.28
ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་སྐོར་དང་ཡར་རྒྱས་བཏང་སྐོར་བཤད་བཞིན་བོད་ནང་དམ་དྲག་དང་བརྟན་བརླིང་ཆེད་འགྲོ་གྲོན་ཤུགས་ཆེན་གཏོང་བཞིན་པ་ནི་ནང་འགལ་ཡིན་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག རྒྱ་ནག་གཞུང་གིས་བོད་མི་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་བཏང་བའི་ཉིན་མོ་སྲུང་བརྩི་བྱས་པ། ༢༠༢༥/༣/༢༨/ཉིན།
Chinese state media

རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་བྲན་མི་མང་བཅིངས་གྲོལ་བཏང་ནས་ལོ་ངོ་ ༦༦ འཁོར་བ་ཟེར་བའི་དུས་དྲན་ཐོག་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་མགོ་ཁྲིད་ཀརྨ་ཚེ་བརྟན་གྱིས། རྒྱ་ནག་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་གྲོལ་བཏང་ནས་བོད་མི་རྣམས་ལ་རང་དབང་། སྤྱི་ཚོགས་ཡར་རྒྱས་ཕྱིན་ལུགས་བསྐྱར་བཤད་ཀྱི་གཏམ་བཤད་བྱས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཀྱིས་རྒྱ་ནག་གི་བོད་ནང་ཡར་རྒྱས་གཏང་ལུགས་བཤད་པ་དང་། སྤྱི་ཚོགས་བརྟན་བརླིང་ཆེད་འགྲོ་གྲོན་ཕོན་ཆེ་གཏོང་བཞིན་པ་ནི་ནང་འགལ་ཡིན་པ་གསལ་པོ་རེད་ཅེས་ལན་འདེབས་གནང་བཞིན་འདུག

ལོ་ལྟར་བཞིན་ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༢༨  ཉིན་དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་བྲན་མི་མང་ལ་བཅིངས་གྲོལ་བཏང་ཟེར་བའི་དུས་དྲན་སྲུང་བརྩི་བྱེད་བཞིན་ཡོད་པ་ལྟར། འདི་ལོ་རྒྱ་ནག་གཞུང་གིས་ཞིང་བྲན་བཅིངས་འགྲོལ་གྱི་དུས་དྲན་སྲུང་བརྩི་བྱས་ཏེ་ལོ་ངོ་ ༡༧ དང་། ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༦༦ འཁོར་བ་ཟེར་བའི་དུས་དྲན་དང་འབྲེལ། བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་མགོ་ཁྲིད་ཀརྨ་ཚེ་བརྟན་གྱིས་ལོ་ངོ་ ༦༦ སྔོན་བོད་མི་བརྒྱ་ཆ་ ༩༥ ལྷག་ཞིང་བྲན་ཡིན་ལུགས་དང་། བོད་མི་རྣམས་སྐུ་དྲག་མི་དྲག་ཁག་ཅིག་གི་གཡོག་ཏུ་སྐུལ་བཞིན་ཡོད་སྐོར་བསྐྱར་བཤད་དང་འབྲེལ། ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་རྒྱ་སྒོར་ས་ཡ་ ༡༧༤ ནས། ཕྱི་ལོ་ ༢༠༢༤ ལོར་བོད་ནང་གི་རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་རྒྱ་སྒོར་ཐེར་འབུམ་ ༢༧༦་༤༩༤ འཕར་ཡོད་སྐོར་བསྒྲགས་འདུག

ཡང་གནད་དོན་དེ་དང་འབྲེལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཀྱིས། རྒྱ་ནག་གཞུང་གིས་འདས་པའི་ལོ་མང་པོའི་རིང་ནས་ཞིང་བྲན་མི་མང་བཅིངས་གྲོལ་དང་ཡར་རྒྱས་བཏང་ཡོད་སྐོར་བཤད་དེ། རྒྱབ་ཤ་དཀར་པོའི་དེབ་རིམ་པ་བཏོན་ཡོད་ནའང་། ཡིག་ཆའི་ནང་གི་ནང་དོན་དང་བོད་ནང་གི་ས་གནས་ས་ཐོག་གི་གནས་སྟངས་བར་ཁྱད་པར་ཆེན་པོ་ཡོད་པ་ནི་ཚང་མས་མཐོང་གསལ་ཡིན་ཞིང་། རྒྱ་ནག་གཞུང་གིས་བོད་ཡར་རྒྱས་བཏང་ཡོད་ཚུལ་ཤོད་བཞིན་པ་རྒྱ་ནག་དང་བསྡུར་ན་བོད་རྗེས་ལུས་ཡིན་པ་ཤེས་རྟོགས་ཐུབ་པ་ཡིན་དང་། དེ་བཞིན་ཁོང་གིས། རྒྱ་ནག་གིས་བོད་ནང་ཡར་རྒྱས་བཏང་ཡོད་ལུགས་བཤད་ནའང་། དེ་ཡིས་བོད་མི་རིགས་ལ་ཁེ་ལས་གྱོང་ཆེ་བ་སྤྲོད་ཡོད་ཅིང་། ད་བར་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་དང་། རིག་གཞུང་། སྐད་ཡིག ཆོས་ལུགས་སོགས་ཀྱི་ཐོག་བོད་མི་རིགས་ལ་གྱོང་གུན་ཆེན་པོ་སྤྲོད་ཡོད་པ་གསུངས་བྱུང་།

དེ་བཞིན་བོད་ནང་བཅིངས་འགྲོལ་བཏང་སྐོར་ཟེར་བ་སྲུང་བརྩི་དང་འབྲེལ། ཀརྨ་ཚེ་བརྟན་གྱིས་ཁ་བྲལ་བར་ངོ་རྒོལ་དང་། སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྐུལ་དེད་གཏང་དགོས་པ་མ་ཟད། རྒྱ་ནག་གཞུང་འབྲེལ་གྱིས་ཆེད་དུ་བོད་ནང་གཏན་འབེབས་བྱས་པའི་འདུ་ཤེས་བཞི་ཞེས་པར་སློབ་སྦྱོང་དགོས་སྐོར་སོགས་བཤད་འདུག་ལ། ཡང་སངས་རྒྱས་སྐྱབས་ལགས་ནས་མུ་མཐུད་དོན་དངོས་རྒྱ་ནག་གཞུང་གིས་བཤད་པ་ལྟར། བོད་ནང་ཡར་རྒྱས་བཏང་སྟེ་བོད་མི་རྣམས་འདོད་བློ་འཚིམ་ཡོད་ན། བརྟན་ལྷིང་གི་དཀའ་ངལ་འཕྲད་གཞི་མེད་ལ། བརྟན་ལྷིང་མེད་པ་ནི་བོད་མི་རྣམས་ཀྱིས་དཀའ་ངལ་མྱོང་བཞིན་པ་དེ་ཤོད་ས་མེད་པ་དང་། རྒྱ་གཞུང་གིས་དེར་ཡ་ལན་མ་བྱས་པར་བརྟེན་ཡོང་གི་ཡོད་པ་འདི་གར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་ལོ་ལྟར་བོད་ནང་དུ་ཞིང་བྲན་དང་བོད་ཀྱི་བྲན་གཡོག་ལམ་ལུགས་ལ་བཅིངས་འགྲོ་བཏང་སྟེ། ད་ལྟ་བོད་མི་ཚོ་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་བདེ་སྐྱིད་ཡོད་སྐོར་སོགས་བསམ་བློ་སྒྱུར་ཐབས་ཀྱི་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད་ལ། ལོ་ལྟར་བོད་མི་ཚོར་དམ་དྲག་དང་སྟངས་འཛིན་ཤུགས་ཆེར་བྱས་ཏེ་བོད་ཀྱི་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་དུས་ཚིགས་དེ་སྲུང་བརྩི་དང་། ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གཞུང་གིས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་གྲོལ་ཐོབ་སྟེ། མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་སྔ་ཕྱི་བར་གསུམ་དུ་བཅིངས་གྲོལ་བཏང་བ་དང༌། འཕེལ་རྒྱས་ཕྱིན་ཡོད་སྐོར་ཀྱི་བསྒྲགས་གཏམ་སྤེལ་གྱིན་ཡོད་ཀྱང༌། བོད་མི་ཚོར་དྲག་སྤྱོད་དང་གདུག་རྩུབ། མཐོང་ཆུང་དང་གནོད་འཚེ་བྱེད་པ། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པ་གསལ་བོ་ཡིན་པ་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཐོག་ངོ་རྒོལ་ཡོད་པའི་གྲོས་ཆོད་བཞག་གནང་ཡོད་པ་རེད།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎