ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་ཐོག་དམིགས་བསལ་སྐུ་ཚབ་བསྐོ་དགོས་བ་སྲིད་སྐྱོང་མཆོག་གིས་རེ་སྐུལ་གནང་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཟླ་༩ཚེས་༡ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་(Prague)་ནང་ཚོགས་པའི་ཉིས་སྟོང་ཐམ་པའི་གླེང་སྟེགས་(Forum 2000)་ཞེས་མཁས་པའི་ཚོགས་འདུའི་སྟེང་་གཏམ་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་དེ་བཞིན་འཛམ་གླིང་གི་བདེ་འཇགས་ཐོག་ལ་ཉེན་ཁ་ཞིག་ཡིན་པ་ངོས་འཛིན་བྱ་དགོས་པའི་དགོས་འདུན་བཏོན་པ་དང་མཉམ། ད་ལྟའི་ཆར་ཡུཀ་རེན་ནང་ར་ཤེ་ཡས་བཙན་འཛུལ་དམག་འཐབ་བྱེད་བཞིན་པའི་སྐབས། ར་ཤེ་ཡའི་ཕྱོགས་ཀྱི་ཉེན་ཁར་གདོང་ལེན་བྱེད་རྒྱུ་དེ་ཡོ་རོབ་མཐུན་ཚོགས་ཀྱི་སྐབས་བབ་གནས་སྟངས་ཤིག་ཡིན་རུང་། ཕུགས་རྒྱང་རིང་པོར་འཛམ་གླིང་གི་བདེ་འཇགས་དང་ཞི་བདེར་ཉེན་ཁ་དེ་རྒྱ་ནག་ཕྱོགས་ནས་ཡོང་རྒྱུ་ཡིན་པ་གསུངས་འདུག
ད་དུང་སྲིད་སྐྱོང་མཆོག་གིས། ད་ལྟའི་ཆར་བོད་ནང་དུ་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་རྒྱ་བསྒྱུར་གྱི་སྲིད་ཇུས་སྤེལ་བཞིན་པ་བཅས། བོད་ནང་གི་གནས་སྟངས་ཛ་དྲག་ཡིན་པ་དང་བོད་མིའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཁག་ངོ་སྤྲོད་གནང་སྟེ། ཡོ་རོབ་དང་ནུབ་ཕྱོགས་རང་དབང་ལ་དགའ་ཞེན་ཆེ་བའི་གུ་ཡངས་སྤྱི་ཚོགས་ཀྱི་རྒྱལ་ཁབ་ཚོས་བོད་མི་དང་། ཡུ་གུར། ཧོང་ཀོང་ལས་འགུལ་བ་བཅས་ལ་རྒྱ་ནག་གཞུང་གི་དྲག་གནོན་སྡུག་རྩུབ་མྱངས་བཞིན་པའི་མི་རིགས་ལ་ངོས་འཛིན་དང་མཉམ། མང་གཙོ་དང་རང་དབང་ལ་དགའ་ཞེན་མཉམ་ལས་བྱེད་མཁན་ཞིག་ལ་ངོས་འཛིན་རྒྱབ་སྐྱོར་དགོས་བའི་འབོད་སྐུལ་དང་། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་བྱ་སྤྱོད་ལ་ལྟ་ཞིབ་ནན་མོ་ཡོང་ཆེད་རྒྱ་ནག་གི་ཐོག་དམིགས་བསལ་སྐུ་ཚབ་བམ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་དགོས་པའི་རེ་སྐུལ་གནང་འདུག
སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུང་ན། ད་རེས་སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པིརག་ནང་དུ་བདུན་ཕྲག་གཅིག་གི་མཛད་རིམ་དེ་བཞིན་ལེགས་འགྲུབ་བྱུང་བ་དང་། དེའི་རིང་ཅེཀ་ཕྱི་སྲིད་བློན་ཆེན་དང་མཇལ་མོལ་གནང་ཞིང་། དེ་བཞིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་མཆོག་དང་མཇལ་ནས་འཚམས་འདྲི་གནང་རེས་གནང་པ་མ་ཟད། རྒྱལ་ཁབ་དེའི་གྲོས་ཚོགས་གོང་མའི་ཚོགས་གཙོ་(Milos Vystrcil)་མཆོག་དང་ཟུར་དུ་མཇལ་མོལ་གནང་ཡོད་པ་དང་། གཞན་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་དང་མཇལ་འཕྲད་གནང་བ། ཕྱིའི་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་བ་སོགས་བྱུང་ཡོད་པ་གསུང་བྱུང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།