རྒྱ་ནག་གཞུང་གིས་བོད་ནང་གི་དཔལ་འབྱོར་ཡར་རྒྱས་བྱུང་ཡོད་སྐོར་བསྒྲགས་བཞིན་པ་དེས་བོད་མི་ཚོར་ཁེ་ཕན་ཉུང་ངུ་ལས་ཐོབ་ཀྱི་མེད་སྐོར་བོད་ནང་གི་བོད་མིས་བརྗོད་བྱུང་།

ཕྱི་ལོ་ ༢༠༢༤ ཟླ་༧་ཚེས་༢༣་ཉིན་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་གསར་འགྱུར་གཞུང་ལས་ཁང་ཞེས་པས་གསར་འགོད་གསལ་བསྒྲགས་སྟེང་། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལོ་ ༢༠༢༤ ལོའི་ལོ་ཕྱེད་ཀྱི་ཁྲོམ་རའི་དཔལ་འབྱོར་ཐོན་སྐྱེད་ (GDP) དེ་བརྒྱ་ཆ་ ༦.༡ འཕར་ཏེ། རྒྱ་ནག་རྒྱལ་ཡོངས་ཀྱི་ཨང་གཉིས་པར་བསླེབས་ཡོད་པ་བསྒྲགས་འདུག་ན་ཡང་། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་འདི་ལོའི་ལོ་ཕྱེད་ཀྱི་ས་གནས་དཔལ་འབྱོར་གྱི་གནས་བབ་ཉམས་ཆགས་མི་ཡོང་ཆེད། རྒྱ་ནག་ནང་ཁུལ་ནས་རྒྱ་རིགས་ཚོས་བོད་ནང་ཚོང་ལས་མ་རྩ་འབོར་ཆེན་འཇོག་ཐབས་བྱས་ཡོད་ན་ཡང་། དེང་སྐབས་ལྷ་སར་རྒྱ་རིགས་ཚོང་གཉེར་བ་དང་བཟོ་གྲྭ་གཉེར་མཁན་མང་བ་དང་། བོད་པ་ཚོས་རྒྱ་རིགས་ཚོང་གཉེར་བར་ལས་གླ་ཙམ་ལས་ཚོང་ལས་ཆེན་པོ་གཉེར་མཁན་ཧ་ཅང་ཉུང་བ་དང་། ཚོང་གཉེར་བྱེད་འདོད་ཡོད་ཀྱང་གཞུང་གི་ཡིག་ཆ་དང་ཆོག་མཆན་སོགས་ཀྱིས་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པས། བོད་པ་ཚོར་དཔལ་འབྱོར་ཡར་རྒྱས་ཀྱི་ཁེ་ཕན་ལེན་པར་དཀའ་ངལ་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བོད་མི་ཚོང་གཉེར་བ་ཞིག་གིས་བརྗོད་ན། རྒྱ་སྒོར་ཁྲི་མང་པོའི་ཚོང་ལས་གཉེར་སར་བོད་པའི་མིང་ཙམ་ལས་རྒྱ་རིགས་ཚོས་བདག་བཟུང་འོག་ཁེ་ཕན་ཚང་མ་རྒྱ་རིགས་ལ་ཐོབ་བཞིན་ཡོད་པ་དང་། བོད་མི་ཚོར་རང་གི་ས་གནས་ནས་ཚོང་ལས་ཙག་ཙིག་གཉེར་རྒྱུར་དཀའ་ངལ་མང་དག་ཅིག་འཕྲད་ཀྱི་ཡོད་པ་དང་། ས་གནས་ཁག་ཏུ་རྒྱ་སྒོར་ཁྲི་ཁ་ཤས་ཀྱི་ལས་འཆར་སོགས་ཡོད་པ་ཡིན་ན། ལས་འཆར་དེ་རྒྱ་རིགས་ཚོར་སྤྲོད་བཞིན་པ་ལས་བོད་མི་ཚོར་རྩ་ནས་ཐོབ་བཅུག་གི་མེད་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། ཡང་འབྲེལ་ཡོད་གཞན་ཞིག་གིས་དེང་སྐབས་ལྷ་ས་ཁུལ་དུ་རྒྱ་རིགས་ཕོན་ཆེ་གནས་སྤོ་བྱེད་བཞིན་ཡོད་པ་དང་། ལྷ་སའི་སྣེའུ་གདོང་སོགས་སུ་འཛུགས་སྐྲུན་བསྒྱུར་བཅོས་བཏང་སྟེ་རྒྱ་རིགས་ཀྱི་གྲོང་ཁྱེར་ལྟ་བུ་བཟོས་པ་དང་། དེ་སྔ་ས་གནས་དེ་ཁུལ་དུ་བོད་པ་མང་པོ་འདུས་སྡོད་བྱེད་ཡོད་ནའང་། དེང་སྐབས་བོད་པ་གནས་སྡོད་བྱེད་མཁན་དང་ཚོང་གཉེར་བ་སོགས་མཐོང་རྒྱུ་མེད་པ་ཆགས་ཡོད་པ་བརྗོད་བྱུང་།
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་རྒྱ་ནག་ཉིན་རེའི་གསར་ཁང་ཞེས་པས་སྤེལ་བའི་གནས་ཚུལ་ནང་། འདི་ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལོ་ཕྱེད་ཀྱི་དཔལ་འབྱོར་འཁོར་བསྐྱོད་ལ་སྙོམས་སྒྲིག་དང་། ཁྱད་པར་ལེགས་ཆ་ལྡན་པའི་ཐོན་ལས་གསོ་སྤེལ་བྱེད་ཚད་མགྱོགས་སུ་བཏང་བ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ་བཅས་བྱས་ཏེ། ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་འབབ་སྤྱི་འབོར་སྒོར་དུང་ཕྱུར་ ༨༤.༦༨ ཟིན་ཐུབ་པ་བྱུང་སྟེ་ཁྱོན་ཚོང་གཉེར་བརྒྱ་ཆ་ ༡༦.༦ འཕར་ཡོད་སྐོར་དང་། ཕྱི་ཟླ་ ༡ ནས་ ༥ བར་བརྒྱ་ཆ་ ༡.༢ ཀྱིས་ཚོང་གཉེར་མགྱོགས་སུ་ཕྱིན་པ་སོགས་བཀོད་འདུག་ལ། གོང་ཞུས་འབྲེལ་ཡོད་བོད་མི་ཞིག་གིས་བོད་ནང་གི་དཔལ་འབྱོར་ཡར་རྒྱས་དང་ཕྱིའི་རྒྱལ་ཁབ་དང་མཉམ་དུ་རྒྱ་ནག་གཞུང་གིས་ཚོང་འབྲེལ་ཡག་པོ་བྱུང་གི་ཡོད་སྐོར་བརྗོད་བཞིན་ཡོད་ན་ཡང་། དོན་དངོས་སུ་བོད་མི་ཚོའི་ཕྱིར་ཚོང་ཕར་བཞག་ཐ་ན་ཡུལ་སྐོར་སྤྲོ་འཆམ་ཙམ་ལ་འགྲོ་བསྐྱོད་ཀྱི་ཆོག་མཆན་མི་སྤྲོད་པ་དང་། བོད་མི་ཚོར་ཕྱིར་ཚོང་བྱེད་པར་ཡིག་ཆ་སོགས་ཀྱི་ཐད་ནས་ཆ་རྐྱེན་མང་དག་ཅིག་དགོས་པས། ཕྱིར་ཚོང་སོགས་བྱེད་རྒྱུ་མེད་སྐོར་འགྲེལ་བརྗོད་གནང་གི་འདུག
སྤྱིར་རྒྱ་ནག་གཞུང་གིས་འདི་ལོའི་ལོ་མགོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དཔལ་འབྱོར་ཉམས་ཉེས་མི་འབྱུང་བའི་ཆེད། རྒྱ་ནག་ནང་ཁུལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་འགྲུལ་བཞུད་བྱེད་ཤུགས་ཆེ་རུ་བཏང་པ་དང་། བོད་ནང་རྒྱ་རིགས་ཚོར་ཚོང་ལས་ཀྱི་མ་རྩ་འབོར་ཆེན་འཛུགས་བཅུག་པ་སོགས་ཀྱི་ལས་གཞི་སྤེལ་ཡོད་ན་ཡང་། འདི་ལོའི་ལོ་འགོར་རྒྱ་ནག་ནང་དཔལ་འབྱོར་ཉམས་ཆགས་བྱུང་པའི་རྐྱེན་གྱིས་བོད་ཀྱི་རྒྱལ་ས་ལྷ་ས་སོགས་ནས་ཟ་ཁང་དང་། ཇ་ཁང་། ཚོང་ལས་ཆུང་ཙག་རིགས་གཉེར་མཁན་མང་པོར་སྒོ་རྒྱག་དགོས་པའི་གནས་སྟངས་བྱུང་ཡོད་འདུག་ལ། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་ཡར་རྒྱས་ཞེས་པ་དེ་རྒྱ་རིགས་ཚོར་ཁེ་ཕན་ཆེད་དམིགས་པ་དང་། བོད་ནང་འཛུགས་སྐྲུན་ལས་གཞི་རྒྱ་ཆེར་སྤེལ་བ་དེས། བོད་ནང་དུ་རྒྱ་ཧན་མི་རིགས་འབོར་ཆེན་གནས་སྤོས་ཀྱིས། བོད་མི་གྲངས་ཉུང་དུ་བསྒྱུར་ཏེ་བོད་མི་ཚོར་ཁེ་ཕན་མི་ཐོབ་པའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་སོགས་བརྗོད་བཞིན་ཡོད་པ་རེད།
བོད་ནང་རྒྱ་རིགས་མི་འབོར་ཇེ་མང་དུ་འགྲོ་བཞིན་པའི་གནད་དོན་ཐད། བོད་ནང་གི་རྒྱ་རིགས་མི་འབོར་ཞིབ་བཤེར་ཐད་ཉམས་ཞིབ་གནང་མཁན་མཱ་རོང་ (Ma Rong) ཞེས་པས། ཕྱི་ལོ་ ༡༩༩༠ ནས་ ༢༠༠༠ མགོ་སྟོད་བར་བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་རིས་སྒར་རྫོང་དུ། རྒྱ་ཧན་མི་རིགས་ཀྱི་གྲངས་འབོར་བརྒྱ་ཆ་ ༡༠ ནས་ ༣༠ བར་ཡིན་ན་ཡང་། དེང་སྐབས་རྒྱ་ཧན་མི་རིགས་ཀྱི་གྲངས་འབོར་བརྒྱ་ཆ་ ༥༧ ཙམ་འཕར་ཡོད་པ་ཕྱི་ལོ་ ༢༠༡༩ ལོའི་རྒྱ་ནག་གི་མི་འབོར་ཞིབ་བཤེར་གྱི་འགྲེལ་བརྗོད་ནང་གསལ་སྟོན་བྱས་ཡོད་པ་བཀོད་འདུག
གཞན་ཡང་ཕྱི་ཟླ་ ༧ ཚེས་ ༢༦ ཉིན་ཨ་རིའི་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་འཇེམསི་ཊཝོན་ཉམས་ཞིབ་ཁང་ (The Jamestown Foundation) གིས། བོད་རང་སྐྱོང་ལྗོངས་ཟེར་བའི་དཔལ་འབྱོར་སྐོར་ནས་སྙན་ཐོ་གསར་པ་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལོ་རེའི་ཐོན་སྐྱེད་ཀྱི་ཡོང་འབབ་འཕེལ་རྒྱས་དང་། བོད་ནང་སྔར་བྱུང་མྱོང་མེད་པའི་འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་བཏང་ཡོད་ཚུལ་སོགས་བསྒྲགས་ཏེ། ས་ཁུལ་དེ་དག་ནང་དཔལ་འབྱོར་དང་འཕྲུལ་ལས་ཡར་རྒྱས་གསར་སྤེལ་ས་ཁུལ་ཆེད་འཛུགས་ལས་གཞི་སྤེལ་བ་དང། དཔལ་འབྱོར་དང་ཚོང་ལས་འཕེལ་རྒྱས་ཀྱི་ཆ་ཤས་གལ་ཆེ་ཤོས་ཁུལ་དེའི་ཐོན་རྫས་དག་ཕྱི་ལ་གཏོང་རྒྱུ་དེ་ཡིན་སྐོར་བརྗོད་བཞིན་ཡོད་ན་ཡང་། དཔལ་འབྱོར་གྱི་ཁ་ཕན་ཆེ་ཤོས་རྒྱ་རིགས་ཚོར་ཐོབ་བཞིན་པ་ལས་བོད་མི་ཚོར་ཁེ་ཕན་ཐོབ་ཐུབ་ཀྱི་མེད་སྐོར་བཀོད་ཡོད་པ་རེད།།
གསར་འགོད་པ། བློ་བཟང་ཆོས་འཕེལ། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།