རྒྱ་གར་གྱིས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ།
2010.12.20
༄༅༎བདུན་སྔོན་མ་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་རྒྱ་གར་ལ་གཞུང་འབྲེལ་གཟིགས་སྐོར་ལ་ཕེབས་པའི་སྐབས་ཀྱི་གནས་ཚུལ་ལ་རྒྱ་གར་གྱིས་ཕྱི་མིག་གཟིགས་དུས་བོད་ཀྱི་གནད་དོན་བེད་སྤྱོད་བཏང་བ་དང་ཟུང་འབྲེལ་གྱི་སྤྱི་བསྒྲགས་ནང་རྒྱ་ནག་གཅིག་ཡིན་པའི་སྲིད་བྱུས་ལ་རྒྱ་གར་གྱི་རྒྱབ་སྐྱོར་ཡོད་པ་བསྐྱར་ནན་མ་གསུང་པ་དེ་འགྲིག་ཡོད་པའི་བསམ་ཚུལ་རྒྱ་གར་ལ་བྱུང་འདུག
དེ་ཡང་རྒྱ་གར་གྱི་གསར་ཤོག་རྡ་ཀྲེ་ལི་གེ་རེཕ་The Telegraphནང་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ཡིས་རྒྱ་གར་ནང་གི་འཚམས་གཟིགས་མཇུག་སྒྲིལ་སྐབས་ཀྱི་ཟུང་འབྲེལ་སྤྱི་བསྒྲགས་ནང་རྒྱ་གར་གྱིས་རྒྱ་ནག་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་ཕྲན་བུའི་ཕྱིན་པ་མངོན་གསལ་དོད་པོ་ཆགས་ཡོད་པ་རེད།
ད་ལོ་ཕྱི་ཟླ་༡༡པའི་ཟླ་དཀྱིལ་ཙམ་ལ་རྒྱ་ནག་གི་ལྦུ་ཧན་ས་གནས་སུ་ཨུ་རུ་སུ་དང་རྒྱ་གར་། རྒྱ་ནག་བཅས་རྒྱལ་ཁབ་གསུམ་གྱི་བློན་ཆེན་རྣམ་པའི་ཆེས་མཐོའི་ལྷན་ཚོགས་སྐབས་ རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་ཨེསི་ཨེམ་ཀི་རིཤ་ན་ཡིས་བོད་ཀྱི་དཔེ་མཚོན་དྲངས་ནས་རྒྱ་གར་གྱི་ཀཤི་མིར་མངའ་ཁུལ་སྐོར་བཀའ་མོལ་གནང་སྟེ། རྒྱ་ནག་གིས་མངའ་ཁུལ་དེ་ཚོའི་ཐད་ཟབ་ནན་གནང་དགོས་པའི་སྐོར་རྒྱ་ནག་ལ་ཞལ་གསང་གནང་ཡོད་པ་མ་ཟད། རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ལྦེན་ཅ་པའོ་རྒྱ་གར་ལ་མ་ཕེབས་གོང་བཀའ་མོལ་དེ་ཚར་ཁ་ཤས་གསུངས་ཡོད་པ་རེད། རྒྱ་གར་གཞུང་གིས་རྒྱ་ནག་གཞུང་ལ་རྒྱ་གར་ངོས་ནས་བོད་དེ་བཞིན་རྒྱ་ནག་གི་ཆ་ཤས་ལ་ངོས་འཛིན་བྱེད་དགོས་ཀྱི་ཡོད་ན། ཀཤི་མིར་གྱི་གནད་དོན་ནང་རྒྱ་ནག་གིས་ཐེ་བྱུས་མཚམས་འཇོག་བྱ་དགོས་པའི་བརྡ་ལན་གསལ་པོ་སྤྲོད་ཐབས་གནང་ཡོད་ནའང༌། རྒྱ་ནག་གི་ངོས་ནས་ཀཤི་མིར་མངའ་ཁུལ་གྱི་བདག་དབང་ཐད་རྒྱ་གར་ལ་ཁོང་ཁྲོ་སློང་རྒྱུའི་བྱ་སྤྱོད་འདྲ་མིན་སྤེལ་གྱི་ཡོད་སྟབས་། རྒྱ་དཀར་ནག་གཉིས་དབར་དབར་སྔོན་ཆད་གྲོས་མོལ་ཐེངས་གསུམ་བྱེད་པའི་སྐབས་རྒྱ་ནག་གཅིག་ཡིན་པའི་སྲིད་བྱུས་ལ་རྒྱ་གར་གྱིས་རྒྱབ་སྐྱོར་ནན་བརྗོད་གནང་བའི་བཀའ་མོལ་དེ་། ད་རེས་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་རྒྱ་གར་ལ་གཟིགས་སྐོར་གནང་བའི་མཐར་ཕྱོགས་གཉིས་ཀྱི་ཟུང་འབྲེལ་སྤྱི་བསྒྲགས་སྤེལ་བའི་ནང་རྩ་བ་ནས་བཀོད་མེད་པ་རེད།