རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་ཁང་གསར་འཛུགས་བྱ་འཆཪ་དེ་ནི་རང་གི་ཁེ་ཕན་ཆེད་དུ་རེད་ཟེར།
རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་ཐོག་ཆུ་ཤུགས་གློག་ཁང་གསར་འཛུགས་བྱ་འཆཪ་དེས་རྒྱ་གར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་འབྲེལ་ཡོད་ཉམས་ཞིབ་པས་འགྲེལ་བརྗོད་བྱེད་ཀྱི་འདུག
རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་རྒྱུད་དུ་ཆགས་པའི་མེ་ཏོག་རྫོང་གི་རི་འགག་ཅིག་ཏུ་ཆུ་ཤུགས་གློག་ཁང་གསར་རྒྱག་གི་ལས་གཞི་ཞིག་མགོ་འཛུགས་བྱ་འཆར་ཡོད་པ་དང་། ལས་གཞི་དེ་ཡིས་ཆུའི་ཐོན་ཁུངས་འབོར་ཆེན་ཉར་ཚགས་བྱེད་ཐུབ་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་བར་གློག་དང་གཞུང་ལམ་མཉམ་འབྲེལ་དང་། རྒྱལ་སྲུང་སོགས་ཕན་ཐོགས་མང་པོ་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབས་ཐོག་གནས་ཚུལ་བཀོད་སྤེལ་བྱས་འདུག འོན་ཀྱང་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་སྲིད་ཇུས་ཉམས་ཞིག་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གི་ཆུ་ཤུགས་གློག་ཁང་གི་ལས་གཞི་དེས་ཡར་ཀླུང་གཙང་པོ་སོགས་བོད་ནས་འབྱུང་བའི་ཆུ་བོ་ཆེ་རྒྱུག་ཡུལ་དུ་ཆགས་པའི་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེ་དང་ཨ་སམ་མངའ་སྡེ་སོགས་ཀྱི་ནང་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་དང་། ཆུ་ཤུགས་གློག་ཁང་གི་ལས་གཞི་དེ་དག་ནི་གཙོ་བོ་རྒྱ་ནག་གཞུང་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
ད་དུང་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། ཕན་ཐོགས་ཀྱི་བཤད་ཚུལ་དེ་ནི་རྒྱ་ནག་གིས་རྫུན་གཏམ་ཡིན་པ་ལས། དེང་སྐབས་ཆུ་རགས་ཆེན་པོའི་རིགས་རྒྱབ་པ་ཡིན་ན། ཆུ་རགས་རྒྱག་ཡུལ་གྱི་ས་གནས་མི་མང་ཙམ་དུ་མ་ཟད། སྣོད་བཅུད་ཁོར་ཡུག་ཡོངས་ལ་གནོད་སྐྱོན་ཚབས་ཆེན་འགྲོ་ཉེན་ཡོད་པ་དེང་གི་ཚན་རིག་པ་ཚོ་གཙོས་པའི་འཛམ་གླིང་གང་སར་ཡོངས་གྲགས་སུ་འགྲེལ་བརྗོད་དང་གླེང་སློང་བྱེད་ཀྱི་ཡོད་པ་གསུངས་ཤིང་། ཁོང་རང་ཉིད་ཀྱིས་ལོ་མང་རིང་དེ་འབྲེལ་གྱི་གནས་ཚུལ་ཐད་ཉམས་ཞིབ་བྱས་པའི་བརྒྱུད་རིམ་ལ་གཞིགས་པ་ཡིན་ན། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོ་རྒྱུག་ཡུལ་བོད་ཀོང་པོ་ས་ཁུལ་ཁག་ཏུ་ད་སྐབས་རི་ལིའི་ལྕགས་ལམ་གསར་བཟོ་དང་། གཞུང་ལམ་རྒྱ་ཆེ་རུ་གཏོང་བཞིན་པ། གནམ་ཐང་གསར་རྒྱག་དང་། ཆུ་རགས་མང་པོ་ཞིག་གསར་སྐྲུན་བྱེད་བཞིན་ཡོད་པ་དེའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ནི་འབྱུང་འགྱུར་རྒྱ་རིགས་འཕོན་ཆེན་པོ་ཞིག་བོད་ཀོང་པོ་ས་ཁུལ་དུ་གནས་སྤོས་བྱ་རྒྱུའི་ལས་གཞི་ཞིག་ཡིན་པ་སྔོན་དཔག་ཐུབ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
གཞན་ཡང་ཡར་ཀླུང་གཙང་པོ་ནི་བོད་ཀྱི་རྒྱུག་ཆུ་རིང་ཤོས་དེ་ཡིན་ཞིང་། དེའི་རིང་ཚད་ནི་སྤྱི་ལེ་༢༨༠༠ལྷག་ཡོད་འདུག་པ་དང་། ཆུ་བོ་དེ་བོད་ནས་རྒྱུག་སྟེ་ཀློ་ཡུལ་བརྒྱུད་རྒྱ་གར་དུ་བཞུར་ཏེ་དེ་ནས་བྷང་ག་ལའི་མཚོའི་ནང་འདྲེས་ཀྱི་ཡོད་འདུག་པ་དང་། སྤྱིར་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་ཐོག་ཏུ་ཆུ་རགས་འཛུགས་སྐྲུན་གྱི་ལས་གཞི་དེ་ནི་གསར་པ་གང་ཡང་མིན་པར་དེ་སྔ་ནས་རྫམ་ཆུ་ཤུགས་གློག་ཁང་དང་། རྒྱ་ཚ་ཆུ་རགས་སོགས་གསར་རྒྱག་ཟིན་ཡོད་པ་དང་། དེ་བཞིན་གླེང་མདའ་ཆུ་རགས་ཞེས་པ་ཞིག་ད་དུང་མུ་མཐུད་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། རྒྱ་གར་གཞུང་གི་ཕྱོགས་ནས་འཛུགས་བསྐྲུན་གྱི་ལས་གཞི་དེ་དག་ཐད་སེམས་ཚབ་ཡོད་པ་དེ་སྔ་འགྲེལ་བརྗོད་བྱས་འདུག