ཨོསི་ཊརེ་ལི་ཡའི་གྲོས་ཚོགས་ནང་བོད་མི་ཚོ་དངོས་སུ་བཅར་ནས་བོད་དོན་ཞུ་སྐུལ་གནང་འདུག

ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་(Australia Tibet Council)་ཀྱིས་གོ་སྒྲིག་འོག་ལོ་ལྟར་ཨོསི་ཊརེ་ལི་ཡའི་ནང་བོད་དོན་ཞུ་སྐུལ་(Tibet Lobby Day)་གནང་བཞིན་པ་ལྟར། ཉེ་ལམ་སྤྱི་ཟླ་༩་པའི་ཚེས་༤ཉིན་ཨོསི་ཊརེ་ལི་ཡའི་རྒྱལ་ས་(Canberra)་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་གོང་མའི་ནང་བོད་དོན་ཞུ་སྐུལ་ལས་འགུལ་སྤེལ་བའི་སྐབས། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་(Janet Rice)་ལགས་ཀྱིས། ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་(Penny Wong)་ལགས་སུ་ཐད་ཀར་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བློ་འཚབ་ཆེན་པོས་དྲི་བ་དྲིས་སྐབས། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་མུ་མཐུད་དུ་རྡོག་རོལ་གཏོང་བཞིན་ཡོད་པའི་བྱ་སྤྱོད་དེ་དག་ལ་སྐྱོན་བརྗོད་དང་སྦྲགས། བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་ལུགས་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་དབང་མེད་པའི་སྐོར་ཕྱི་སྲིད་བློན་ཆེན་གྱི་ངོས་ནས་རྒྱ་ནག་གཞུང་དང་ལྷན་དུ་ངེས་པར་དུ་གོ་བསྡུར་དགོས་པ་ཞུ་སྐུལ་གནང་བར། ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་གྱིས། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་གནད་དོན་ཐད་བློ་འཚབ་ཡོད་ལ། དེ་སྔོན་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་སྐབས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་དང་ལྷན་དུ་མུ་མཐུད་དེའི་སྐོར་གླེང་སློང་བྱེད་རྒྱུ་ཡིན། ལྷག་པར་དུ་བོད་ཕྲུག་ཚོ་བཙན་གྱིས། རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་དུ་བཅུག་སྟེ། རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭར་འཇུག་བཞིན་ཡོད་པ་ཧ་ཅང་གི་བློ་འཚབ་ཡོད་པ་བརྗོད་འདུག
ཨོསི་ཊརེ་ལི་ཡའི་ནང་བོད་དོན་ཞུ་སྐུལ་སྐབས། རྒྱལ་ཁབ་དེའི་ནང་གི་བོད་རིགས་མཐུན་ཚོགས་ཚང་མའི་སྐུ་ཚབ་ལྷན་འཛོམས་ཐོག་བོད་དོན་ཞུ་སྐུལ་གནང་སྲོལ་ཡོད་པ་བཞིན། འདི་ལོའི་བོད་དོན་ཞུ་སྐུལ་ལས་འགུལ་ཐེངས་༡༢པའི་སྐབས་སུ་ཡང་ས་གནས་ཁག་ནས་སྐུ་ཚབ་༢༠ རྒྱལ་ས་(Canberra)་ལྷན་འཛོམས་ཐོག་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་གཙོས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་(Janet Rice)་ལགས་དང་། གྲོས་ཚོགས་འཐུས་མི་ལྕམ་(Susan Templeman)་ལགས། གྲོས་ཚོགས་འཐུས་མི་སྐུ་ཞབས་(Dean Smith) དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་(Jordon Steele)་སོགས་གྲོས་ཚོགས་འཐུས་མི་༣༠ཙམ་ལ་ཐུག་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འདུག
ཁཱོན་སི་ལན་ཌི་(Queensland)་མངའ་སྡེའི་ནང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཕུན་ཚོགས་ཚེ་རིང་ལགས་ཀྱིས། ཐེངས་འདིའི་བོད་དོན་ཞུ་སྐུལ་གྱི་ལས་འགུལ་གྱི་དོན་དག་གཙོ་བོ་ནི། བོད་ནང་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་གནད་དོན་སྐོར་དང་། ༧གོང་ས་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་ཀྱི་གནད་དོན། དེ་བཞིན་བོད་ནང་ངལ་རྩོལ་བསྒྱུར་བཀོད་ཀྱི་ལས་གཞི་སོགས་ཀྱི་གནད་དོན་ཐོག་གླེང་སློང་གནང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཨོསི་ཊརེ་ལི་ཡའི་སྲིད་བློན་སྐུ་ཞབས་(Anthony Albanese)་ལགས་རིང་མིན་སྤྱི་ཟླ་༩བའི་ཚེས་༩ནས་༡༠བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་གཏན་འཁེལ་བའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་(G20)་ཡི་དབུ་ཁྲིད་རྣམ་པའི་ཚོགས་ཆེན་ཐོག་བཅར་རྒྱུ་ཡིན་པར་བརྟེན། ཐེངས་འདིར་རྒྱལ་ས་(Canberra)་དུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་དེ་ནི་གལ་འགངས་ཆེན་པོར་བརྩི་བཞིན་འདུག
ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་(Zoe Bedford)་ལགས་ཀྱིས། ཐེངས་འདིའི་བོད་དོན་ཞུ་སྐུལ་ལས་འགུལ་སྐབས། སྔར་དང་མི་འདྲ་བར་ཨོསི་ཊརེ་ལི་ཡ་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་ལྕམ་(Bronte Moules)་ལགས་དང་དམིགས་བསལ་མཇལ་འཕྲད་གནང་སྟེ། འབྲེལ་བ་བཙུགས་ཐུབ་པ་བྱུང་བ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད། མཇལ་འཕྲད་སྐབས། ང་ཚོས་བོད་ནང་རྒྱ་ནག་གཞུང་གིས་བཙན་གྱིས་བོད་ཕྲུག་ས་ཡ་གཅིག་ཙམ་བཅའ་སྡོད་སློབ་གྲྭའི་ནང་བཅུག་ནས་མི་རིགས་རྒྱ་བསྒྱུར་བྱེད་བཞིན་པའི་གནད་དོན་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཡི་ཚོགས་ཆེན་ཐོག་གླེང་སློང་དགོས་པ་རེ་འདུན་ཞུས་པ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བོད་མི་ན་གཞོན་བསོད་ནམས་ཆོས་སྒྲོན་ལགས་ཨོསི་ཊརེ་ལི་ཡའི་ནང་བོད་དོན་ཞུ་སྐུལ་ལས་འགུལ་ནང་མཉམ་ཞུགས་གནང་བ་ཐོག་མ་ཡིན་པ་དང་། ཁོང་མོས་(Victoria)་མངའ་སྡེའི་(Melbourne)་གྲོང་ཁྱེར་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་མཉམ་ཞུགས་ཀྱིས་བོད་དོན་ཞུ་སྐུལ་གནང་འདུག་ལ། ཁོང་མོས། བཙན་བྱོལ་ནང་གི་བོད་མིའི་མི་རབས་གསར་པ་ཚོ་བོད་དོན་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་བྱས་པ་ཡིན་ན། བོད་དོན་འཐབ་རྩོད་དང་འབྲེལ་མཉམ་མྱོང་གསར་པ་མང་པོ་ཞིག་རག་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་༡༦པས། བོད་མིའི་རང་དབང་སླར་གསོ་ཡོང་བར། བོད་དོན་ཞུ་སྐུལ་གྱི་ལས་འགུལ་དེ་གནད་འགག་གལ་འགངས་ཆེ་ཤོས་ཤིག་ལ་ངོས་འཛིན་གནང་མུས་ཡིན་པ་མ་ཟད། ཁ་སྔོན་སྤྱི་ཟླ་༧པའི་ནང་རྒྱལ་ཁབ་འདྲ་མིན་༡༥ལྷག་ནས་བོད་མི་ན་གཞོན་༡༠༠བསྡུ་བསྐོང་གིས། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཞེས་པ་ཚོགས་ཏེ། གཙོ་བོ་སོ་སོ་གནས་ཡུལ་རྒྱལ་ཁབ་ཁག་ནང་བོད་དོན་ཞུ་སྐུལ་ལས་འགུལ་གྱི་ནུས་པ་གོང་མཐོར་ཡོང་ཐབས་སོགས་ཀྱི་ཐད་གོ་བསྡུར་སྦྱང་ཤེས་གནང་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།