རྒྱ་གར་དུ་རྩོམ་རིག་ཚོགས་འདུར་བོད་མི་མཉམ་ཞུགས།
2010.01.25
༄༅༎རྒྱ་གར་བྱང་ཕྱོིགས་ཇའེ་པུར་གྲོང་ཁྱེར་ནང་བསྐོངས་ཚོགས་གནང་བའི་རྩོམ་རིག་གི་དུས་སྟོན་ཞིག་ཐོག་བོད་མིའི་རྩོམ་པ་པོ་ཁག་ཅིག་ཀྱང་ད་ཐེངས་ཐོག་མའི་འཆར་མཉམ་ཞུགས་གནང་ཡོད་པ་རེད་
ཉིན་༥རིང་ཚོགས་གནང་བའི་དུས་སྟོན་དེར་བོད་དོན་དང་འབྲེལ་བའི་ལྷན་ཚོགས་ཤིག་གི་ཐོག་གསུང་བཤད་གནང་མཁན་ཁོངས་བོད་རིགས་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་དང་པན་ཆེན་རིན་པོ་སྐུ་འཕྲེང་བཅུ་པའི་ཡང་སྲིད་སྐོར་རྩོམ་བྲིས་གནང་མཁན་དབྱིན་ཇིའི་རྩོམ་པ་པོ་ཨི་ས་སྦེལ་ཧིལ་ཀྲེན་དང་རྒྱ་གར་གྱི་ལོ་རྒྱུས་ཐོག་རྩོམ་པོ་པོ་གྲགས་ཅན་ལྦི་ལི་ཡེམ་ཌེལ་རིམ་པཱལ་ཡིས་ལྷན་ཚོགས་དེ་གཙོ་སྐྱོང་གནང་ཡོད་པ་རེད་ ལྷན་ཚོགས་དེར་བོད་དོན་དང་འབྲེལ་བའི་གནད་དོན་མང་དག་ཅིག་གི་ཐོག་གླེང་སློང་གནང་ཡོད་ཅིང་དེའི་ཁོངས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐབ་གི་གནས་སྟངས་དང་པན་ཆེན་རིན་པོ་ཆེའི་ཡང་སྲིད་སྐོར་དང་བོད་ཀྱི་དམངས་གཙོའི་གནས་བབས་ བོད་ཀྱི་མ་འོངས་པའི་དབུ་འཁྲིད་སུས་གནང་གི་ཡོད་མིན་དང་གོང་ས་ཏ་ལའི་བླ་མ་མཆོག་གི་རྗེས་འཛིན་སུས་གནང་གི་ཡོད་མིན་སོགས་ཀྱི་སྐོར་གླེང་སློང་གནང་ཡོད་པ་རེད་ ལྕམ་ཨི་ས་སྦེལ་ཧིལ་ཀྲེན་ཡིས་པན་ཆེན་རིན་པོ་ཆེ་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དལྟ་རྒྱ་ནག་གི་བཙན་འོག་ཏུ་ཡོད་ནའང་བོད་མི་རྣམས་ལ་གང་ཉིད་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་སྐོར་གསུངས་འདུག བོད་པའི་རྩོམ་བྲིས་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་ཀྱི་མ་འོངས་པའི་གནས་བབས་སྐོར་གླེང་སྐབས་བོད་མི་རྣམས་ཀྱིས་བོད་ཐོག་བློས་གཏོང་མ་བྱས་བར་རེ་བ་ཞིག་གཏན་གཏན་ཡོད་པ་རེད་ ཨ་མི་རི་ཀ་དང་ཡོ་རོབ་རྒྱ་གར་སོགས་པའི་རྒྱལ་ཁབ་ཁག་གི་རྒྱབ་བསྐྱོར་དེ་གལ་ཆེན་པོ་རེད་ ཡིན་ནའང་བོད་མིའི་རང་དབང་འཐབ་རྩོད་ཐོག་གལ་གནད་གཙོ་བོ་དེ་བོད་ནང་གི་བོད་མི་རྣམས་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག བཞུགས་སྒར་རྡ་རམ་ས་ལ་ནས་བོད་མིའི་རྩོམ་པ་གཞན་ཁག་ཅིག་ཡང་དུས་སྟོན་དེར་མཉམ་ཞུགས་གནང་མཁན་ཁོངས་རྩོམ་བྲིས་པ་བུ་ཆུང་བསོད་ནམས་ལགས་ཀྱང་ཡོད་པ་རེད་ གཞན་ཡང་དུས་སྟོན་དེར་འཛམ་གླིང་གི་ས་ཕྱོགས་གང་ས་ནས་རྩོམ་བྲིས་ཐོག་དོ་སྣང་ཡོད་མཁན་མི་གྲངས་ཉིས་ཁྲི་སྐོར་ཞིག་མཉམ་ཞུགས་གནང་ཡོད་པ་དང་དེའི་ཁོངས་རྩོམ་བྲིས་ཐོག་ནོ་སྦེལ་རྩོམ་བྲིས་ཀྱི་བྱ་དགའ་ཐོབ་གནང་མཁན་ལྦོ་ལེ་སོ་ཡིན་ཀ་དང་ཨོར་ཕན་པ་མུཀ་དང་རྒྱ་གར་བའི་རྩོམ་བྲིས་ཐོག་མཁས་པ་དང་གློག་བརྙན་འཁྲབ་སྟོན་དང་གླུ་གཞས་རྩོམ་གནང་མཁན་སོགས་ཁག་ཅིག་ཕེབས་ཡོད་པ་རེད་