ཨ་རིས་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་རྒྱ་ནག་ལ་ཕྱིར་སྤྲོད་བྱས་པ་དེ་རྒྱལ་སྤྱིའི་འགྲེམས་སྟོན་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འགལ་གྱི་ཡོད་པ་རིག་དངོས་ཆེད་མཁས་པས་གསུང་གི་འདུག

2025.03.05
ཨ་རིས་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་རྒྱ་ནག་ལ་ཕྱིར་སྤྲོད་བྱས་པ་དེ་རྒྱལ་སྤྱིའི་འགྲེམས་སྟོན་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འགལ་གྱི་ཡོད་པ་རིག་དངོས་ཆེད་མཁས་པས་གསུང་གི་འདུག རིགས་དངོས་རྙིང་པ་བརྗེ་ལེན་བྱེད་བཞིན་པ།
Xinhua

རྒྱ་ནག་གཞུང་གིས་ལོ་ཤས་ནས་བོད་བརྒྱུད་ནང་བསྟན་རྒྱ་བསྒྱུར་གྱི་སྲིད་བྱུས་སྤེལ་བཞིན་པའི་སྐབས་འདིར། ཨ་རིས་རྒྱ་ནག་གི་རིག་དངོས་རྙིང་པ་ཕྱིར་སྤྲོད་བྱ་རྒྱུའི་གྲོས་མཐུན་གྱི་ཆ་ཤས་སུ་ཉེ་ལམ་རིག་དངོས་རྙིང་པ་དང་གནའ་རྫས་གྲངས་ ༤༡ ཕྱིར་སློག་བྱས་པ་ནི། རྒྱལ་སྤྱིའི་འགྲེམས་སྟོན་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འགལ་གྱི་ཡོད་པ་མ་ཟད། དེའི་བདག་དབང་གཙོ་བོ་ནི་བོད་མི་རྣམས་ལ་ཡོད་པས་དངོས་རྫས་རྒྱ་གཞུང་ལ་ཕྱིར་སྤྲོད་བྱས་པ་དེ། ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་དང་འགྲེམས་སྟོན་དོ་དམ་པས་འགྲེལ་བརྗོད་གནང་བཞིན་འདུག

དེ་ཡང་འདི་ཚེས་ ༤ རེས་གཟའ་མིག་དམར་ཉིན། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་ (Manhattan) མངའ་སྡེའི་ཁྲིམས་རྩོད་ལས་ཁུངས་ནས་རྒྱ་ནག་རྒྱལ་ཡོངས་རིག་གནས་ཤུལ་བཞག་ལས་ཁང་ལ་རྩིས་སྤྲོད་བྱས་པར། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། འབྱུང་རིམ་དེ་རྒྱལ་སྤྱིའི་འགྲེམས་སྟོན་ལྷན་ཚོགས་(International Council of Museum) ཀྱི་དམིགས་ཡུལ་དང་འགལ་གྱི་ཡོད་པ་མ་ཟད། རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་འཁྱོག་བཤད་བྱས་ནས་འགྲེམས་སྟོན་སོགས་ལས་འགུལ་མང་དག་ཅིག་སྤེལ་དང་སྤེལ་བཞིན་པའི་སྐབས་འདིར། ཨ་རིས་གནའ་བོའི་ཅ་དངོས་ཕྱིར་སློག་བྱས་པ་དེ་རྒྱ་ནག་ལ་རྒྱབ་རྟེན་བྱས་པ་ལྟ་བུ་ཆགས་ཡོད་པས་ནོར་འཁྲུལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།

དེ་འབྲེལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་དང་ཧི་མ་ལ་ཡའི་ཉམས་ཞིབ་ལྟེ་གནས་ཁང་ (Centre for Himalayan Asia Studies and Engagement) གི་འགན་འཛིན་ཝི་ཇེ་ཀྲན་ཏི་ (Vijay Kranti) ལགས་ཀྱིས། བྱེད་བབ་འདི་ནི་ཨ་རི་ཡིས་གླེན་རྟགས་སྟོན་པ་ཞིག་ཡིན་པའི་ཁར། ཡིད་སྐྱོ་བའི་གནས་ཚུལ་ཞིག་ཀྱང་ཡིན་སྐོར་གསུང་གི་འདུག་ལ། དངོས་རྫས་སློག་པ་དེ་དག་རྒྱ་ནག་གཞུང་གིས་བེད་སྤྱོད་ལོག་པ་གཏོང་ངེས་ཤིང་། རྒྱ་གཞུང་གིས་ད་བར་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་ཧམ་བཤད་བྱེད་བཞིན་པ་དེ་ད་དུང་ཧམ་པ་ཆེན་པོས་དྲིལ་བསྒྲགས་བྱ་རྒྱུར་བེད་སྤྱོད་བྱེད་ངེས་ཡིན་ལ།ེད དེར་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་གྱིས་དོ་སྣང་བྱེད་དགོས་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ད་ཐེངས་དངོས་རྫས་ཕྱིར་སློག་བྱས་པ་དེ་ཐེངས་དང་པོ་མིན་ལ། རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ (CCTV)གསར་ཁང་ལ་གཞིགས་ན། ཨ་རི་དང་རྒྱ་ནག་གཉིས་དབར་རིག་དངོས་རྙིང་པ་ཕྱིར་སྤྲོད་བྱ་རྒྱུའི་གྲོས་མཐུན་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༡༤ ཉིན་ཐོག་མར་མཚན་རྟགས་དཀོད་པ་ནས་གཟུང་། ད་བར་རིག་དངོས་ ༥༩༤ ཕྱིར་སློག་བྱས་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། ཨ་རི་གཞུང་གིས་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་པ་ཁས་ལེན་བྱེད་ཀྱི་ཡོད་པས། རྒྱ་གཞུང་གིས་དེ་བེད་སྤྱོད་བཏང་ནས་བོད་ཀྱི་དངོས་རྫས་རྙིང་པ་མང་པོ་བསྡུ་ཐབས་བྱེད་བཞིན་ཡོད་མ་ཟད། ད་དུང་རྒྱ་ནག་གིས་བོད་ཀྱི་རིག་དངོས་དང་ཡིག་ཆ་རྙིང་པ་སོགས་གཏོར་བརླག་གཏོང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།  དེ་བཞིན་ཁོང་གིས་མུ་མཐུད་ད་ཆ་རིགས་དངོས་སོགས་ཕྱིར་སློག་བྱས་པ་དེས་བོད་ཀྱི་ཆོས་དང་རིག་གཞུང་སྐོར་གོ་རྟོགས་སྤེལ་རྒྱུ་དང་། འཛམ་གླིང་ལ་ངོ་སྤྲོད་བྱེད་རྒྱུའི་གོ་སྐབས་མང་པོ་ཞིག་བརླག་འགྲོ་གི་ཡོད་པ་མ་ཟད། མ་འོངས་པར་དངོས་རྫས་རྙིང་བ་རིགས་རྒྱ་ནག་གིས་ཇི་ལྟར་ཉར་ཚགས་བྱེད་ཀྱི་ཡོད་ནི་ཐེ་ཚོམ་གྱི་གནས་རེད་ཅེས་ངོ་སྤྲོད་གནང་བྱུང་།

དེ་དང་ཕྱོགས་མཚུངས། བོད་ཀྱི་འགྲེམས་སྟོན་ཁང་གི་འགྲེམས་སྟོན་དོ་དམ་པ་ངག་དབང་རྡོ་རྗེ་ལགས་ཀྱིས། ཨ་རིས་རྒྱ་ནག་ལ་རིགས་དངོས་ཕྱིར་སྤྲོད་བྱས་པ་ནི་ནོར་འཁྲུལ་ཡིན་པ་དང་། དོན་དངོས་ཐོག་རིགས་དངོས་དེ་དག་གི་བདག་དབང་བོད་མི་རྣམས་ལ་ཡོད་དུས། བོད་མི་རྣམས་ནས་འབྲེལ་ཡོད་ཚོར་ཞུ་གཏུག་གིས་ཆ་དངོས་དེ་རིགས་བོད་མི་རང་ལ་ཪག་ཐབས་འབད་རྩོལ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

གཞི་རྩའི་འཛམ་གླིང་ནང་དངོས་རྫས་ཕྱིར་སློག་གི་གནད་དོན་དང་འབྲེལ་འབྲེལ་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་གསུངས་དོན་ལ། རྒྱལ་སྤྱིའི་འགྲེམས་སྟོན་ལྷན་ཚོགས་ནས་དངོས་པོ་རིགས་ཕྱིར་སློག་བྱ་རྒྱུའི་འབོད་སྒྲ་འདི་ཕྱི་ལོ་ ༡༩༧༠ ནས་ ༡༩༨༠ བར་མང་པོ་བྱུང་ཡོད་ལ། དམིགས་བསལ་ལྷོ་ཨ་ཕི་རི་ཁ་དང་ཨེ་ཤེ་ཡ་ལུང་པ་མང་པོ་ཞིག་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་དབང་འགྱུར་གྱི་འོག་ལ་འཚུད་པའི་སྐབས། ཨིན་ཇི་དང་། པོར་ཅུ་རྒལ། ཨི་སི་པེན་སོགས་ཡར་དོན་ཅན་གྱི་རྒྱལ་ཁབ་མང་པོས་མནའ་བོའི་རིག་དངོས་འཁྱེར་ནས་མགྲེམས་སྟོན་ཁང་ནང་བདག་ཉར་གྱིས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོད་ཅིང་། འཛམ་གླིང་གི་དམག་ཆེན་གཉིས་པའི་རྗེས་སུ་རྒྱལ་ཁབ་རྣམས་ལ་རང་དབང་རག་དུས། ཁོང་ཚོས་གཉིད་ལས་བསད་ནས་རང་གི་ལོ་རྒྱུས་ངོ་མ་དེ་རང་གི་བཤད་དགོས་པ་ཤེས་ཏེ། དེའི་ཆེད་གནའ་བོའི་རིག་དངོས་རྣམས་ཧ་ཅང་གལ་འགངས་ཆེན་པོ་ཆགས་དུས་དེར་འཐབ་རྩོད་བྱེད་ཀྱི་ཡོད་པ་གསུངས་བྱུང་། ། 

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎