ཨ་རིའི་གཞུང་གིས་བོད་དོན་སྲིད་ཇུས་ཁྲིམས་གཞི་གཏན་འབེབས་གནང་ནས་ལོ་ངོ་ཉི་ཤུ་འཁོར་འདུག

2022.09.30
ཨ་རིའི་གཞུང་གིས་བོད་དོན་སྲིད་ཇུས་ཁྲིམས་གཞི་གཏན་འབེབས་གནང་ནས་ལོ་ངོ་ཉི་ཤུ་འཁོར་འདུག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་(Dianne Feinstein)་ལགས། ༠༩།༢༩།༢༠༢༢
ICT

ཨ་རིའི་གཞུང་གིས་བོད་དོན་སྲིད་ཇུས་ཁྲིམས་གཞི་གཏན་འབེབས་གནང་ནས་ལོ་ངོ་ཉི་ཤུ་འཁོར་བར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཌཡེན་ཧྥནསི་ཊེན་ལགས་ཀྱིས་གསུང་འཕྲིན་གནང་འདུག
སྤྱི་ལོ་༢༠༢༢ཟླ་༩པའི་ཚེས་༣༠ཉིན་ནི་ཨ་རིའི་གཞུང་གིས་བོད་དོན་སྲིད་ཇུས་ཁྲིམས་གཞི་གཏན་འབེབས་གནང་ནས་ལོ་ངོ་ཉི་ཤུ་འཁོར་བའི་ཉིན་མོ་ཡིན་པར་བརྟེན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དུས་དྲན་དེ་སྲུང་བརྩི་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་(Dianne Feinstein)་ལགས་ཀྱིས་གསུང་འཕྲིན་གནང་འདུག བརྙན་ལམ་གྱི་གསུང་འཕྲིན་ནང་། ཁོང་མོས། ཨ་རིའི་བོད་དོན་གྱི་སྲིད་བྱུས་ཐོག་མ་གཏན་འབེབས་གནང་ནས་ལོ་༢༠འཁོར་བའི་དུས་དྲན་ཐོག་མཉམ་ཞུགས་གནང་གི་ཡོད། ངོས་ནི་བོད་དོན་གྱི་ཁྲིམས་གཞི་དེ་ཐོག་མ་ཨ་རིའི་གྲོས་ཚོགས་གོང་མའི་ནང་བཏོན་སྐབས་རྒྱབ་སྐྱོར་ཞུ་མི་གཙོ་བོ་དེ་ཡིན་པར་དགའ་སྤོབས་ཡོད། བོད་དོན་ནི་ངའི་སེམས་ཀྱི་དཀྱིལ་དུ་ཡོད་པ་མ་ཟད། ངོས་ཀྱི་བཟའ་ཟླ་དམ་པ་(Richard Blum)་གྱི་སེམས་ཚོར་ཆེ་བའི་གནད་དོན་ཞིག་ཀྱང་ཡིན་པ་སོགས་གསུང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ༢༠༠༢ལོར་གཏན་འབེབས་གནང་བའི་ཨ་རིའི་གཞུང་གི་བོད་དོན་སྲིད་ཇུས་ཁྲིམས་གཞི་དེ་བརྒྱུད་བོད་རྒྱལ་འབྲེལ་མོལ་སོགས་ཀྱི་ཐད་ཕན་ཐོགས་མང་པོ་བྱུང་ཡོད་པ་དང་། དེའི་ཐོག་ཁ་སྣོན་བསྐྱར་བཅོས་དང་མཉམ་༢༠༢༠ལོར་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་གཞི་གཏན་འབེབས་གནང་བའི་ནང་མ་འོངས་སྐུའི་ཡང་སྲིད་ཀྱི་གནད་དོན་སོགས་བཀོད་ཡོད་པ་དང་། ཉེ་ལམ་༢༠༢༢ལོར་དེའི་ཐོག་ཁ་སྣོན་བསྐྱར་བཅོས་བྱས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་བཏོན་ཡོད་པ་སོགས་གསུངས་བྱུང་།
ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། རྒྱ་ནག་གཞུང་གིས་བོད་དེ་ཁྲག་དྲི་བྲོ་བའི་ཐོག་ནས་བཙན་བཟུང་བྱས་པ་ལ་བརྟེན་བོད་མི་ཚོས་རང་དབང་འཐབ་རྩོད་བྱེད་བཞིན་ཡིན་པ་དང་། དེ་ལ་ལོ་ཉི་ཤུའི་སྔོན་ཨ་རིའི་མི་མང་མང་ཚོགས་ཁྲོད་བོད་མི་ཚོས་འཚེ་མེད་ཞི་བའི་འཐབ་རྩོད་བྱེད་བཞིན་པར་རྒྱབ་སྐྱོར་བྱེད་མི་མང་པོ་ཡོད་བྱུང་པ་དང་། ཨ་རིའི་གྲོས་ཚོགས་དང་བཅའ་ཁྲིམས་ནང་ཁྲིམས་གཞི་གཏན་འབེབས་བྱས་མེད་པ་དང་། དེ་ནས་ལོ་ངོ་ཉི་ཤུའི་གོང་སྟེ་སྤྱི་ལོ་༢༠༠༢སྤྱི་ཟླ་༩པའི་ཚེས་༣༠ཉིན་ཨ་རིའི་བོད་དོན་གྱི་སྲིད་བྱུས་ཟེར་བ་དེར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་མཚན་རྟགས་བཀོད་དེ་ཨ་རིའི་ཁྲིམས་གཞི་ཞིག་གི་ངོ་བོར་གྱུར་ཐུབ་པ་བྱུང་ཡོད་པ་རེད། ཨ་རིའི་ནང་བོད་དོན་ལ་རྒྱབ་སྐྱོར་གྱི་ཁྲིམས་གཞི་དེ་འདྲ་ཞིག་གཏན་འབེབས་གནང་ཐུབ་པ་དེ་ནི། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་དབུ་ཁྲིད་རྣམ་པ་དང་ལྷན་དུ་འཆར་ཅན་མཇལ་འཕྲད་གནང་སྟེ་བཀའ་མོལ་གནང་བ་དང་། དེ་བཞིན་ཨ་རིའི་ནང་གནས་སྡོད་བྱེད་མི་དང་། ཨ་རིའི་མི་སེར་ཡིན་པའི་བོད་མི་དང་ཨ་རི་ཁྱོན་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་བོད་དོན་ལ་ཐུགས་ཁུར་ཆེ་བཞེས་གནང་བ་དང་བྱེད་སྒོ་སྤེལ་གནང་བ་ལ་སོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་གསལ་སྟོན་གནང་འདུག
མཐའ་དོན། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་བོད་དོན་གྱི་ཁྲིམས་གཞི་དེར་རྒྱབ་སྐྱོར་གནང་མཁན་ཡོངས་དང་། འོས་བསྡུའི་ནང་ཆ་ཤས་ལེན་མི། ཁྲིམས་གཞི་དེའི་ཆེད་ཞུ་གཏུག་གནང་མི་ཨ་རིའི་མི་སེར་ཡིན་པའི་བོད་མི་བཅས་ཨ་རིའི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་གཞི་གཏན་འབེབས་ཡོང་བའི་ཆེད་དུ་ཕྱག་ལས་གནང་མི་ཚང་མ་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཐུགས་རྗེ་ཆེ་ཞུས་འདུག།

གསར་འགོད་པ། ཚེ་དབང་ནོར་བུ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎