བོད་མི་སྐྱབས་བཅོལ་བར་མུ་མཐུད་རྒྱབ་སྐྱོར་དགོས་པའི་རེ་འདུན།
2011.11.23
༄༅༎བལ་ཡུལ་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཀྱིས་བལ་ཡུལ་ནང་གནས་སྡོད་བཞིན་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་བལ་ཡུལ་གཞུང་མང་གཉིས་ནས་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་དང་འགྲོ་བ་མིའི་ལྟ་སྤྱོད་ཡང་དག་པའི་འོག་མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་བཏོན་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག
ཕྱི་ཟླ་བཅུ་གཅིག་པའི་ཚེས་༢༠ཉིན་བལ་ཡུལ་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་པས་ སྐྱབས་བཅོལ་བའི་ཐོབ་ཐང་ཞེས་པའི་བརྗོད་གཞིའི་ཐོག་ནས་ཆེད་རྩོམ་ཞིག་སྤེལ་ཡོད་པའི་ནང་འཁོད་དོན་ལྟར་ན་ ད་བར་ལོ་ངོ་བཅུ་ཕྲག་ལྔ་ཙམ་རིང་བལ་ཡུལ་གཞུང་མང་གཉིས་ནས་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་རྐྱེན་རོགས་རམ་དང་ བལ་ཡུལ་བརྒྱུད་ནས་བོད་མི་རྒྱ་གར་ལ་སྐྱབས་བཅོལ་དུ་འགྲོ་རུ་བཅུག་པར་ཨ་རིའི་གཞུང་ནས་བསྔགས་བརྗོད་ཞུ་ཡི་ཡོད་ མི་རིགས་དང་རིག་གཞུང་རྩ་བརླག་འགྲོ་ཉེན་ཆེ་བའི་སྐྱབས་བཅོལ་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ སྐྱབས་བཅོལ་བར་ཆེ་ཐོངས་སྤྲོད་དགོས་པ་ནི་ རང་དབང་ལྡན་པའི་གཞུང་སྤྱི་དང་ ཡང་སྒོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཚོགས་བདེ་འཇགས་དང་ཆབ་སྲིད་ཐོབ་ཐང་ དེ་བཞིན་གདུག་རྩུབ་མཚམས་འཇོག་གི་ཆིངས་ཡིག་ཐོག་ས་རྟགས་འགོད་མཁན་གྱི་རྒྱལ་ཁབ་ཚང་མར་འགན་འཁྲི་ཆེན་པོ་ཡོད་པའི་སྐོར་སོགས་ཀྱང་འཁོད་ཡོད་པ་རེད་