བོད་ནང་དབྱར་རྩྭ་དགུན་འབུའི་གོང་ཚད་སྔ་ལོ་དང་བསྡུར་ན་ཅུང་འཕར་ཡོད་འདུག

2023.05.24
བོད་ནང་དབྱར་རྩྭ་དགུན་འབུའི་གོང་ཚད་སྔ་ལོ་དང་བསྡུར་ན་ཅུང་འཕར་ཡོད་འདུག དབྱར་རྩྭ་དགུན་འབུ།
བོད་འབྱོར།/RFA

ཕྱི་ཟླ་༥པ་ནི་བོད་ནང་གི་ས་ཁུལ་མང་པོའི་ནང་དབྱར་རྩ་དགུན་འབུ་བརྐོ་བའི་དུས་ཚོད་ཡིན་པ་དང་། ད་ལོ་སྤྱིའི་ཆ་ནས་དབྱར་རྩ་དགུན་འབུའི་གོང་ཚད་སྔར་ལོ་དང་བསྡུར་ན་མཐོ་རུ་སོང་ཡོད་པ་དང་། རྨ་ཆུ་ཕྱོགས་ནས་དབྱར་རྩ་དགུན་འབུ་སྤུས་ཀ་ཡག་པོ་ཞིག་ལ་རིན་གོང་རྒྱ་སྒོར་༦༠ལྷག་རག་བཞིན་པ་ནི། སྔར་ལོ་དང་བསྡུར་ན་རིན་གོང་ལྡབ་གཅིག་ལྷག་འཕར་ཡོད་པ་བརྗོད་བཞིན་འདུག་ལ། སྤྱིར་ལོ་ལྟར་དབྱར་རྩ་དགུན་འབུ་བརྐོ་བའི་དུས་ཚོད་ནི་ཟླ་བ་གཅིག་ཙམ་ལས་མེད་པས་དེའི་རིང་དབྱར་རྩ་དགུན་འབུ་བརྐོ་མཁན་མང་པོ་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དང་། གཞིས་ཀ་རྩེ། དེ་བཞིན་བོད་ཀྱི་ཤར་ལྷོའི་རྒྱུད་དུ་ཡོད་པའི་རྒྱལ་རོང་ས་ཁུལ་གྱི་ཟུང་ཆུ་དང་རོང་བྲག རྔ་བ། གཞན་ཡང་མགོ་ལོག་དང་བྲག་མགོ ལི་ཐང་། ཉག་ཆུ། སྡེ་དགེ མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་སོགས་ནས་དབྱར་རྩ་དགུན་འབུ་བརྐོ་བཞིན་ཡོད་འདུག རྒྱ་ནག་ནང་དབྱར་རྩ་དགུན་འབུས་ཏོག་དབྱིབས་རིམས་ནད་འགོས་པ་གསོ་རྒྱུར་ཕན་ཐོགས་ཡོད་པའི་ཡིད་ཆེས་བྱེད་བཞིན་པའི་དབང་གིས། འདི་ལོའི་དབྱར་རྩ་དགུན་འབུའི་གོང་ཚད་ལོ་སྔོན་མ་དབྱར་རྩ་དགུན་འབུ་གཅིག་ལ་རྒྱ་སྒོར་༢༥རག་པ་ད་ལོ་སྤྱི་ཡོངས་ནས་རྒྱ་སྒོར་༥༠ནས་ཡག་ཤོས་རིགས་ལ་རྒྱ་སྒོར་༦༢ཙམ་རག་གི་ཡོད་པ་དང་། དབྱར་རྩ་དགུན་འབུའི་གོང་ཚད་དེ་ས་ཁུལ་སོ་སོ་ནས་ཅུང་ཙམ་མ་འདྲ་བ་ཡོང་གི་ཡོད་ཀྱང་། སྤྱི་ཡོངས་ནས་དབྱར་རྩ་དགུན་འབུའི་རིན་གོང་ལོ་སྔོན་མ་དང་བསྡུར་ན་འཕར་ཡོད་པ་བོད་ནས་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
དབྱར་རྩ་དགུན་འབུ་ནི་བོད་གཙོས་ཧི་མ་ལ་ཡའི་ས་མཐོའི་ཕྱོགས་ཀྱི་ས་ཁུལ་འགའ་ཤས་སུ་མ་གཏོགས་སྐྱེ་ཡི་མེད་ཅིང་། བོད་ཀྱི་དབྱར་རྩ་དགུན་འབུའི་སྤུས་ཀ་ནི་ཡག་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། བོད་ནང་གི་བོད་མི་དབྱར་རྩ་དགུན་འབུའི་ཚོང་གཉེར་བ་ཚོས་དབྱར་རྩ་དགུན་འབུ་གཙོ་བོ་རྒྱ་མི་ཚོར་ཚོང་བསྒྱུར་བྱེད་ཀྱི་ཡོད་འདུག དབྱར་རྩ་དགུན་འབུ་བརྐོ་མཁན་དང་བོད་མི་དབྱར་རྩ་དགུན་འབུའི་ཚོང་ལས་གཉེར་མཁན་ཚོར་ཁེ་བཟང་ཡོང་སྒོ་ཆུང་ངུ་ལས་མེད་པ་རེད་འདུག དཔེར་ན། དབྱར་རྩ་དགུན་འབུ་བརྐོ་མཁན་ཚོར་ཉིན་རེར་གླ་ཆ་རྒྱ་སྒོར་༢༠༠་ནས་༣༠༠་ལས་མེད་ཅིང་། ཁོང་ཚོས་བརྐོས་བའི་དབྱར་རྩ་དགུན་འབུ་དེ་དག་བོད་པའི་ཚོང་པ་ཚོར་རྩིས་སྤྲོད་བྱེད་ཅིང་། བོད་པའི་ཚོང་པ་ཚོས་རྒྱ་མིར་བཙོང་སྐབས། དབྱར་རྩ་བ་དགུན་འབུ་ཆུང་བའི་རིགས་ལ་འདི་ལོ་རྒྱ་སྒོར་༥༠་ནས་༦༠་ཡིན་འདུག འོན་ཀྱང་རྒྱ་མིའི་ཚོང་པ་ཚོས་དབྱར་རྩ་དགུན་འབུ་རྒྱ་ནག་གི་ཚོང་པ་ཚོར་བཙོང་སྐབས། རིན་གོང་དེ་ལས་ཆེ་རུ་ཕྱིན་སྟེ་༧༠་དང་༡༠༠བར་སོན་གྱི་ཡོད་འདུག
རྨ་ལྷོ་ནས་ཡིན་པའི་འབྲེལ་ཡོད་བོད་མི་ཞིག་གིས་གསུངས་ན། ཁོས་ད་ལོ་རྩྭ་སའི་ནང་དབྱར་རྩ་དགུན་འབུ་བརྐོ་མཁན་གླས་བ་དང་། དེའི་ཐོག་ཁོ་རང་གི་ཉེ་འཁོར་དང་ས་ཁུལ་གཞན་གྱི་དབྱར་རྩ་དགུན་འབུ་ཉོས་ཏེ། རྒྱ་ནག་གི་གྲོང་ཁྱེར་ཀྲེ་ཅང་དང་ཧྥུ་ཅན། ཀོང་ཏུང་། ཧོང་ཀོང་གི་ཚོང་བ་ཚོར་དབྱར་རྩ་དགུན་འབུ་ཡག་ཤོས་རིགས་ལ་རྒྱ་སྒོར་༥༠ནས་༦༠བྱས་ཏེ་བཙོང་བཞིན་ཡོད་པ་བརྗོད་བྱུང་ལ། ཡང་བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་འབྲེལ་ཡོད་བོད་མི་ཚོང་བ་ཞིག་གིས། རྒྱ་ནག་ནང་དུ་དབྱར་རྩ་དགུན་འབུས་ཏོག་དབྱིབས་རིམས་ནད་ལ་ཕན་ཐོགས་ཡོད་པ་བརྗོད་ནས། དབྱར་རྩ་དགུན་འབུའི་ཇ་དང་སྨན་ཐུམ་སོགས་ཐོན་སྐྱེད་སྣ་ཚོགས་བཟོས་ཏེ་ཚོང་རྒྱུགས་ཆེན་པོ་ཡོད་འདུག་ལ། དེར་བརྟེན་རྒྱ་ནག་ནང་ལོ་འགའ་ཤས་སྔོན་ནས་བཅོས་མའི་དབྱར་རྩ་དགུན་འབུ་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད་ཀྱང་། དེ་དག་གིས་དབྱར་རྩ་དགུན་འབུ་དངོས་མའི་ནུས་པ་ཐོན་ཐུབ་ཀྱི་མེད་འདུག་ལ། ཡང་བོད་མི་ཚོར་མཚོན་ན་དབྱར་རྩ་དགུན་འབུ་དེ་བཞིན་ཟ་མ་མཉམ་དུ་སྐོལ་ནས་ཟ་བ་དང་། ཆུ་ཁོལ་དང་ཇ་སོགས་མཉམ་དུ་བེད་སྤྱོད་བྱེད་སྲོལ་ཡོད་པ་རེད་འདུག
ཡང་ཉག་ཆུ་ནས་ཡིན་པའི་འབྲེལ་ཡོད་བོད་མི་ཞིག་གིས། འདས་པའི་ལོ་ཤས་ནས་བཟུང་གནམ་གཤིས་ཀྱི་རྐྱེན་གྱིས་ཡིན་ནམ་གང་ལྟར་དབྱར་རྩ་དགུན་འབུ་སྐྱེས་ཚད་ཉུང་དུ་སོང་ཡོད་པ་དང་། དེ་སྔ་ཕྱི་ལོ་༢༠༡༦་བར་ལ་ཉིན་རེར་དབྱར་རྩ་དགུན་འབུ་༢༠ནས་༥༠་བར་རག་གི་ཡོད་ཀྱང་། དེང་སྐབས་༡༥་ནས༢༠་ཙམ་ལས་ལག་སོན་བྱུང་གི་མེད་པ་བརྗོད་བྱུང་ལ། མཚོ་སྔོན་ནས་ཡིན་པའི་འབྲེལ་ཡོད་བོད་མི་ཞིག་གིས། ད་ལྟའི་ཆར་དབྱར་རྩ་དགུན་འབུ་བརྐོ་འགོ་ཚུགས་ཡོད་ན་ཡང་། འདི་ལོ་རྒྱ་ནག་གཞུང་འབྲེལ་ངོས་ནས་མཚོ་སྔོན་མདོ་ལ་རིང་མོའི་རི་རྒྱུད་དུ་ཁོར་ཡུག་སྲུང་སྐྱོབ་དགོས་སྐོར་བརྗོད་ནས་དབྱར་རྩ་བརྐོ་འཇུག་གི་མེད་པ་བརྗོད་བྱུང་ལ། ཡང་བྲག་གཡབ་ཕྱོགས་ནས་ཡིན་པའི་འབྲེལ་ཡོད་ཅིག་གིས་ཁོང་གི་ནང་མི་གསུམ་དབྱར་རྩ་དགུན་འབུ་བརྐོ་རུ་སོང་སྟེ། ཉིན་རེར་དབྱར་རྩ་དགུན་འབུ་བཙོང་བར་རྒྱ་སྒོར་ཁྲི་གཅིག་རེའི་ཡོང་འབབ་བྱུང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
དབྱར་རྩྭ་དགུན་འབུ་ནི་བོད་ཀྱི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཡོང་འབབ་འཚོལ་ས་ཆེ་ཤོས་ཤིག་ཡིན་པ་ལྟར། ལོ་རེར་བོད་ནང་དཔྱིད་ཀ་ཚེས་པ་དང་བསྟུན་བོད་མི་བརྒྱ་སྟོང་མང་པོ་དབྱར་རྩ་དགུན་འབུ་བརྐོ་བར་འགྲོ་བཞིན་ཡོད་པ་རེད་ལ། རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། མཚོ་སྔོན་ཞིང་ཆེན་གཅིག་པུའི་ནང་བསྡོམས་འབོར་ལྟར་ན། ལོ་རེར་དབྱར་རྩ་དགུན་འབུ་ཐོན་ཚད་ཊོན་༡༠༠ཐམ་པའམ་སྤྱི་རྒྱ་དགུ་ཁྲི་སྟོང་མེད་བདུན་བརྒྱ་༩༠༧༠༠་ཙམ་དང་། དེ་ཡི་ལོ་རེའི་རིན་གོང་རྒྱ་སྒོར་དུར་ཕྱུར་༡༨༠་ནས་༢༠༠བར་ཡིན་པས། རོང་འབྲོང་མང་ཚོགས་ཁྲི་བརྒྱ་ལྷག་ལ་ཕན་ཐོགས་བྱུང་གི་ཡོད་པར་བཀོད་འདུག་ལ། སྤྱིར་དབྱར་རྩ་དགུན་འབུ་དེ་བཞིན་བོད་མཐོ་སྒང་ཁོ་ནར་སྐྱེས་པའི་སྐྱེས་དངོས་ཤིག་ཡིན་པ་དང་། བོད་སྨན་དང་རྒྱ་སྨན་སྲོལ་རྒྱུན་གསོ་བ་རིག་པའི་སྨན་སྦྱོར་གྱི་ནང་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་བེད་སྤྱོད་བྱེད་བཞིན་ཡོད་པ་རེད། ལྷག་པར་དུ་རྒྱ་ནག་གི་ནང་། དབྱར་རྩ་དགུན་འབུས་སྐྲན་ནད་དང་། མཁལ་མའི་ན་ཚ། འཁྲིག་སྤྱོད་མི་ཐུབ་པའི་ན་ཚ་སོགས་ལ་ཕན་ཐོགས་ཡོད་པ་བརྗོད་བཞིན་ཡོད་ཀྱང་། ནུབ་ཕྱོགས་ཚན་རིག་ཞིབ་འཇུག་ཁང་ནང་དབྱར་རྩ་དགུན་འབུའི་ཕན་ཡོན་སྤྱི་དང་ལྷག་པར་དུ་བོད་ས་མཐོ་ནས་སྐྱེས་པའི་དབྱར་རྩ་དགུན་འབུའི་ཕན་ཡོན་གྱི་ནུས་པར་བརྟག་དཔྱད་མཐིལ་ཕྱིན་བྱེད་པའི་ཡོངས་ཁྱབ་གྲུབ་དོན་ད་བར་མཐོང་རྒྱུ་དེ་ཙམ་མེད་པ་རེད།


གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎