ཞིའི་ཅིང་པིང་ལ་སྐྱོན་བརྗོད།
2013.05.31

༄༅། །པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་སྐྱེས་མའི་ཚོགས་པས་དྲུག་པའི་ཚེས་༤དུས་དྲན་མ་སླེབས་སྔོན་རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་པིང་གིས་རྒྱ་ནག་དེ་བཞིན་མང་གཙོའི་ལམ་དུ་བསྐྱོད་རྒྱུར་བསྒྱུར་བཅོས་བྱ་ཐབས་མ་བྱས་པར། དེ་ལས་ལྡོག་ཏེ་རྒྱ་ནག་དེ་བཞིན་སྔོན་མའི་མའོ་དུས་སྐབས་སུ་བསྐྱོད་ཐབས་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་གནང་ཡོད་འདུག གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སྐྱེས་མའི་ཚོགས་པ་དེ་བཞིན་ ༡༩༨༩ཟླ་༦ཚེས་༤ཉིན་པེ་ཅིན་གནམ་བདེ་སྒོ་མོའི་ཐང་ཆེན་དུ་སློབ་ཕྲུག་གི་མང་གཙོའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་སློབ་ཕྲུག་མང་པོ་རྐྱེན་འདས་སུ་ཕྱིན་ཡོད་པ་ཚོའི་ཕ་མ་ཚོ་མཉམ་རུབ་ཀྱིས་ཚོགས་པ་དེ་ཆགས་པ་ཞིག་ཡིན་པ་དང་། དུས་དེ་ནས་བཟུང་ད་བར་སློབ་ཕྲུག་གི་མང་གཙོའི་ལས་འགུལ་དེར་དག་སེལ་དང་རྐྱེན་འདས་སུ་ཕྱིན་པའི་སློབ་ཕྲུག་ཚོའི་ཕ་མ་སྤུན་མཆེད་ཚོར་གྱོང་གུན་ཁ་གསབ་དགོས་པའི་དགོས་འདུན་བཏོན་བཞིན་ཡོད་ཅིང་། དེ་རིང་གཟའ་པ་སངས་ཉིན་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སྐྱེས་མའི་ཚོགས་པས་ཡོངས་ཁྱབ་གསལ་བསྒྲགས་ཤིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་། རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་པིང་གིས་ད་ལོ་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གི་དབང་ཆ་དངོས་སུ་འཛིན་ཡོད་པ་དང་། ཡིན་ནའི་འདས་པའི་ཟླ་བ་ཁ་ཤས་རིང་ཞིའི་ཅིང་པིང་གི་ལས་དོན་སྤེལ་ཕྱོགས་སོགས་ནས་ཞིའི་ཅིང་པིང་ཡང་རྒྱ་ནག་གི་དེ་སྔོན་གྱི་དཔོན་རིགས་དང་འདྲ་བར་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་བྱེད་མཁན་གྱི་དཔོན་རིགས་བློ་ལྡན་ཞིག་མིན་པ་དང་། ང་ཚོས་མཐོང་ཡས་ལ་རྒྱ་ནག་དེ་བཞིན་དེ་སྔོན་གྱི་ལམ་ཁའི་ཐོག་ཕྱིར་ལོག་གིས་མའོ་དུས་སྐབས་ཀྱི་ལམ་ལུགས་སུ་བསྐྱོད་ཀྱི་ཡོད་པ་མ་ཟད་། རྒྱ་ནག་སྤྱི་ཚོགས་ཁྱོན་ཡོངས་སུ་དེང་སྐབས་མི་རྣམས་ཡིད་ཐང་ཆད་པའི་རྣམ་པ་ཞིག་ཐོན་གྱི་ཡོད་པ་སོགས་འཁོད་ཡོད་འདུག།