གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་སོ་ལྔ་ཕྱིན་ཡང་མུ་མཐུད་དུ་རྗེས་དྲན་གནང་བཞིན་འདུག

དེ་ཡང་ད་ལོའི་ཟླ་༦པའི་ཚེས་༤ཉིན་ནི། སྤྱི་ལོ་༡༨༨༩ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་རྒྱ་ནག་གཞུང་གིས་སློབ་ཕྲུག་གི་སྣེ་ཁྲིད་པའི་དམངས་གཙོ་ལས་འགུལ་བ་མང་པོ་དམར་གསོད་བཏང་ནས་མི་ལོ༣༥་འཁོར་བའི་དུས་ཚུགས་ཡིན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་(X)་བརྒྱུད་སྤེལ་བའི་འབོད་སྐུལ་ནང་། སྤྱི་ལོ་༡༩༨༩ལོའི་དྲུག་བཞི་གནམ་བདེ་སྒོ་མོ་ཆེའི་དམར་གསོད་ཆེན་མོའི་དུས་དྲན་ཐེངས་༣༥པའི་སྐབས་འདིར། རྒྱ་ནག་པེ་ཅིང་གཞུང་གིས་ད་ལྟ་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་༨༩ལོའི་དམངས་གཙོའི་ལས་འགུལ་ནང་ཞུགས་མཁན་དང་རྒྱབ་སྐྱོར་བ། ཡང་ན་མུ་མཐུད་ནས་དྲང་བདེན་འཚོལ་སྙེག་དང་དྲུག་བཞིའི་དོན་རྐྱེན་བརྗེད་པར་མི་འདོད་པ་ཙིག་ཞིན་ཐོང་དང་། ཀུ་ཧྥེ་ཞོང། ཁྲིན་ཡོང་ཧྥེ། ཧོང་ཀྲི་ཧྥིན་སོགས་མི་གྲངས་༢༧འཕྲལ་མར་གློད་བཀྲོལ་གཏོང་དགོས་ཞེས་དགོས་འདུན་བཏོན་འདུག
ཨ་རིའི་བརྙན་འཕྲིན་ཁང་སེ་ཨན་ཨན་(CNN)་གྱི་པེ་ཅིང་ཡན་ལག་གསར་ཁང་གི་འགན་འཛིན་(Mika Chinoy)་ལགས་ནི། མི་ལོ་༣༥གོང་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་བྱུང་བའི་དམངས་གཙོ་ལས་འགུལ་སྐབས་དངོས་སུ་ལས་འགུལ་དེ་མཐོང་ཡོད་མཁན་ཞིག་ཡིན། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་དེ་དུས་ཀྱི་གནས་སྟངས་ཕྱིར་དྲན་གནང་བ་དང་མཉམ། ཁོང་གིས་༡༩༨༩ལོའི་ལོ་འགོ་ཙམ་ལ། སྐུ་ཞབས་ཧྥང་ལེ་ཀྲི་ཡིས་ཏེང་ཞོ་ཕིང་ལ་འབོད་སྐུལ་ཡི་གེ་ཞིག་སྤྲིངས་ནས། འཛིན་བཟུང་བཀག་ཉར་འོག་ཡོད་པའི་ཆབ་སྲིད་བཙོན་པ་ཚང་མ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཤིང་། དེ་དང་དུས་མཉམ་དུ་སྐུ་ཞབས་ཧྥང་ལེ་ཀྲི་ལགས་སློབ་ཆེན་ཁག་ཏུ་ལངས་པའི་དམངས་གཙོའི་ཚོར་བའི་འབྱུང་ཁུངས་ཆགས་པ་རེད་ཅེས་འགྲེལ་བརྗོད་གནང་འདུག
སྐུ་ཞབས་ཧྥང་ལེ་ཀྲི་ལགས་༨༩ལོའི་དྲུག་བཞི་དོན་རྐྱེན་གྱིས་རྗེས་སུ་གསར་བརྗེ་ངོ་ལོག་པའི་ཉེས་མིང་བཏགས་ནས་ལས་ཁུངས་ནས་གནས་དབྱུང་བཏང་རྗེས། ཨ་རིར་བཙན་བྱོལ་དུ་ཡོང་བ་དང་༢༠༡༢་ལོར་སྐུ་གྲོངས་ཡོད་པ་རེད།

འདི་ཚེས་༣ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམར་གསོད་ཆེན་མོའི་སྐོར་གླེང་བ་དང་རྗེས་དྲན་གྱི་བྱ་འགུལ་སྤེལ་བ་སོཊ་ལ་དྲག་གནོན་བྱེད་བཞིན་ཡོད་པ་དང་། ༢༠༢༤ལོའི་དྲུག་པའི་ཚེས་༤ཉིན་དུས་དྲན་ཐེངས་༣༥བ་སླེབས་ལ་ཉེ་བའི་སྐབས་སུ་རྒྱ་ནག་གཞུང་གིས་ཡང་བསྐྱར་སྔོན་འགོག་དམ་དྲག་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱ་ནག་ནང་དང་ཧོང་ཀོང་བཅས་སུ་དམར་གསོད་ཆེན་མོ་དེའི་ཁྲོད་ཚེ་སྲོག་ཤོར་བ་རྣམས་ལ་རྗེས་དྲན་ཞུ་རྒྱུར་བཀག་སྡོམ་ནན་མོ་བྱེད་བཞིན་པ་མ་ཟད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམར་གསོད་ཆེན་མོར་འགན་ལེན་བྱེད་ཀྱི་མེད་པ་དང་། དོན་རྐྱེན་དེའི་ཁྲོད་ཚེ་སྲོག་ཤོར་བ་དང་གནོད་འཚེ་ཕོག་པ་རྣམས་ལ་གུན་གསབ་སྤྲོད་རྒྱུར་ངོས་ལེན་བྱེད་ཀྱིན་མེད་པ་གསལ་སྟོན་གནང་འདུག
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལས་ཚབ་མཱ་ཡ་ཝང་གིས་བརྗོད་པར། རྒྱ་ནག་གིས་རྒྱ་ནག་དང་ཧོང་ཀོང་བཅས་སུ་གནམ་བདེ་སྒོ་མོ་ཆེའི་དམར་གསོད་ཆེན་མོའི་དྲན་ཤེས་གསུབ་ཐབས་བྱེད་བཞིན་ཡོད་པ་རེད། ཡིན་ནའང་ལོ་ངོ་༣༥ཕྱིན་ཀྱང་། ཉེན་ཁར་མ་འཛེམ་པར་རྒྱ་ནག་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་རྒྱུའི་རེ་བའི་མེ་ལྕེ་དེ་རྒྱ་ནག་གཞུང་གིས་གསོད་ཐུབ་མེད་ཅེས་ཀྱང་བརྗོད་ཡོད་པ་རེད།
རྒྱ་ནག་པེ་ཅིང་གཞུང་གིས་རྒྱ་ནག་ནང་ཁུལ་དུ་དམ་དྲག་བྱས་ཏེ་དྲུག་བཞིའི་དོན་རྐྱེན་མི་རྣམས་ཀྱི་དྲན་ཤེས་ནས་གསུབ་ཐབས་བྱས་དང་བྱེད་བཞིན་པའི་སྐབས་འདིར། འཛམ་གླིང་གང་སར་དྲུག་བཞིའི་དོན་རྐྱེན་ལ་དོ་སྣང་དང་རྗེས་དྲན་བྱེད་མཁན་ཇེ་མང་ནས་ཇེ་མང་ཡིན་པ་དང་། ཟླ་༦པའི་ཚེས་༤ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཊོ་ནི་སྦལིན་ཀེན་(Antony Blinken)་མཆོག་གིས་བསྒྲགས་གཏམ་སྤེལ་བའི་ནང་། མི་ལོ་༣༥་གོང་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་བྱུང་བའི་དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་ཞུས་པ་དང་མཉམ། ཨ་རིའི་ངོས་ནས་རྒྱ་ནག་སྤྱི་དང་ཤར་ཏུར་ཀིསུ་ཐན། བོད། ཧོང་ཀོང་བཅས་ཀྱི་ཞི་བའི་མི་མང་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་འགན་འཁུར་ཡོང་སླད་ཨ་རིའི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་མུ་མཐུད་དུ་གླེང་སློང་གིས་མཉམ་འབྲེལ་གྱིས་ལས་དོན་སྒྲུབ་རྒྱུ་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མིང་རྟགས་བཀོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་འཁོད་པའི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཁག་ལ་ངོས་འཛིན་དང་བརྩི་བཀུར་བྱེད་དགོས། ཨ་རིས་ཡང་ཡང་གླེང་མྱོང་བ་ལྟར་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་དང་འབྲེལ་བའི་ངོ་རྒོལ་ཁྲོམ་སྐོར་བ་དང་འབྲེལ་ཡོད་ཚོ་གཙོས་རྒྱ་ནག་གཞུང་གིས་རང་འདོད་དང་དྲང་བདེན་མིན་པའི་ཐོག་ནས་བཙོན་འཇུག་བྱས་པའི་མི་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག
ཟླ་༦འི་ཚེས་༣ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་ལགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ནས། མི་ལོ ༣༥འི་གོང་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་དེང་རབས་ལོ་རྒྱུས་ཁྲོད་ཀྱི་སྤོབས་པ་ཆེ་བའི་ལས་འགུལ་ཞིག་འཛམ་གླིང་མི་དམངས་ཀྱིས་མིག་གིས་མཐོང་ཡོད་ལ། དེ་ནི་དྲག་ཤུགས་དང་གདུག་རྩུབ་ཆེ་བའི་དྲག་གནོན་ཞིག་ཀྱང་ཡིན། མི་གཅིག་གིས་ལྕགས་འཁྲབ་འཁོར་ལོ་མང་པོའི་མདུན་བཀག་པའི་སྣང་བརྙན་དེ་མི་རྣམས་པའི་དྲན་ཤེས་སུ་རྡོ་བརྐོས་རི་མོ་བཞིན་གསལ་ལམ་མེར་ཡོད། ལྕགས་འཁྲབ་འཁོར་ལོ་འགོག་མཁན་དེས་རྒྱ་ནག་གི་མི་སེར་ཚོས་ཆེ་མཐོང་དང་རང་དབང་གི་ཆེད་དུ་གཅེས་པའི་ཚེ་སྲོག་ཡིན་ཡང་བློས་གཏོང་ཕོད་པའི་དཔའ་བོའི་རིང་ལུགས་ཀྱི་ཆོད་སེམས་བསྟན་པ་རེད་ཅེས་བཀོད་འདུག
དེ་བཞིན་དུ་ཐེ་ཝན་གྱི་སྲིད་འཛིན་(Lai Ching-te)་ཡོངས་གྲགས་སུ་ཝི་ལེམ་ལའེ་(William Lai)་ལགས་ཀྱིས། དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་བྱེད་དོན་ནི་དྲུག་བཞི་ཁོ་ན་མིན། དེ་ལས་ལྷག་པའི་རང་དབང་དང་དམངས་གཙོ་ལ་བློ་གཏད་པའི་འཛམ་གླིང་མི་དམངས་ཀྱི་ཆེད་དུ་ཡིན། ང་ཚོའི་ཐུན་མོང་གི་འདུན་པ་དམངས་གཙོ་དང་རང་དབང་གིས་ད་གཟོད་ང་ཚོ་སྲུང་སྐྱོབ་བྱེད་ཐུབ། དྲུག་བཞི་དོན་རྐྱེན་དེ་ལོ་རྒྱུས་ཀྱི་ཆུ་ཉོག་ཁྲོད་མེད་མི་སྲིད། མ་འོངས་པར་ང་ཚོས་མུ་མཐུད་ནས་སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུག་གིས་ཐེ་ཝན་གྱི་དམངས་གཙོ་དར་འཕེལ་དུ་བཏང་ནས། ང་ཚོ་དང་ལྟ་བ་ལངས་ཕྱོགས་མཐུན་པའི་རྒྱལ་ཁབ་ཚོ་དང་མཉམ་དུ་སྔར་ལས་ལྷག་པའི་འཛམ་གླིང་ཡག་པོ་ཞིག་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་འདུག
སྤྱི་ལོ་༨༩ལོའི་དྲུག་བཞིའི་དམངས་གཙོ་ལས་འགུལ་གྱི་སློབ་མའི་དབུ་ཁྲིད་སྐུ་ཞབས་ཝང་ཏན་གྱིས། གལ་ཏེ། རྒྱ་ནག་མི་དམངས་ཀྱིས་དྲུག་བཞིའི་དོན་རྐྱེན་བརྗེད་ཟིན་པ་རེད་ཟེར་ན། འོ་ན་རྒྱ་ནག་པེ་ཅིང་གཞུང་གིས་ཅིའི་ཕྱིར་ལོ་ལྟར་དྲུག་བཞིའི་སྐབས་དམ་དྲག་ནན་མོ་བྱེད་དགོས་སམ། དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་དང་བརྗེད་པའི་བར་གྱི་འགྲན་རྩོད་དེ་ནི་དེང་སང་གི་ཆབ་སྲིད་རེད་ཅེས་འགྲེལ་བརྗོད་གནང་འདུག
དེ་བཞིན་དུ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཨ་མ་ཚོས་འབོད་སྐུལ་ཡི་གེ་ཞིག་སྤྲིངས་ནས་དྲུག་བཞིའི་དོན་རྐྱེན་གྱི་དངོས་བྱུང་གནས་ཚུལ་བཤད་རྒྱུ་དང་། གུན་གསབ་སྤྲོད་རྒྱུ། འགན་འཁྲི་བདའ་འདེད་བཅས་དགོས་འདུན་གསུམ་བཏོན་པ་དང་། ཆབས་ཅིག་ཏུ་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིན་གྱིས་ཁོ་ཚོ་དང་མཉམ་དུ་འབྲེལ་ཡོད་གནད་དོན་ཐད་གླེང་མོལ་བྱེད་དགོས་པའི་དགོས་འདུན་ཡང་བསྐྱར་བཏོན་འདུག
གསར་འགོད་པ། སྟག་ལྷ་རྒྱལ། རྡོ་རྗེ་མཚོ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།