བོད་མི་གསུམ་གྱིས་རང་འགུལ་ཞལ་འདེབས་འབུལ་རྒྱུ།

བཙན་བྱོལ་བོད་མི་གསུམ་གྱིས་མ་སྐུལ་དང་བླངས་ཀྱི་སྒོ་ནས་ཟླ་རེར་ཧིན་སྒོར་སུམ་ཅུ་ཐམ་པ་བོད་སྤྱི་པའི་ལས་དོན་ཆེད་ཞལ་འདེབས་འབུལ་རྒྱུ།

2011.10.11

༄༅༎བཙན་བྱོལ་ནང་དུ་བོད་མི་གསུམ་གྱིས་མ་སྐུལ་དང་བླངས་ཀྱི་སྒོ་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཟླ་བ་གཅིག་ནང་གི་ཉིན་གཅིག་ནང་ལྟོ་དུས་གཅིག་གི་ཟས་སྤངས་ཏེ། ཁོང་གསུམ་མི་རེ་ངོ་རེས་ཟླ་བ་རེར་ཧིན་སྒོར་སུམ་ཅུ་ཐམ་པ་བོད་སྤྱི་པའི་ལས་དོན་ཆེད་ཞལ་འདེབས་འབུལ་རྒྱུའི་དམ་བཅའ་བཞག་ཡོད་པ་རེད།
དེ་ཡང་སྤྱི་ཟླ་བཅུ་པའི་ཚེས་༡༠ རེས་གཟའ་ཟླ་བའི་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་་ཆགས་ཡུལ་ལྟེ་གནས་བཞུགས་སྒར་རྡ་རམ་ལའི་དཔེ་མཛོད་ཚོགས་ཁང་དུ། རྒྱ་གར་བྱང་ཤར་ཤིས་ལོང་བོད་མི་གནས་སྡོད་བྱེད་ཡུལ་ནས་བཀྲིས་སྟོབས་རྒྱལ་ལགས་དང༌། ཐུབ་བསྟན་ཡེ་ཤིས་ལགས་གཉིས་དང༌། དེ་བཞིན་རྒྱ་གར་བྱང་ཕྱོགས་སིམ་ལའི་ཉེ་འཁྲིས་ཀྱི་ཏོ་ལན་ཇི་ས་གནས་དུ་གནས་སྡོད་བློ་བསྟན་ཉི་མ་ལགས་གསུམ་གྱིས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ། འདི་ལོའི་ཕྱི་ཟླ་བདུན་པའི་ཚེས་༦ ནས་བཟུང་ཁོང་གསུམ་གྱི་ངོས་ནས། ཟླ་བ་རེ་རེར་ཉིན་གཅིག་གི་དགོང་དྲོའི་ཟས་སྤངས་ཏེ། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཟླ་རེར་ཧིན་སྒོར་༣༠ ཐམ་པ་བོད་སྤྱི་པར་ཞལ་འདེབས་འབུལ་རྒྱུའི་དམ་བཅའ་བཞག་པའི་ལས་འགུལ་ཞིག་འགོ་བཙུགས་ཡོད་ཅིང༌། ཁོང་གསུམ་གྱི་ལས་འགུལ་དེའི་ནང་མ་འོངས་པར་བོད་མི་མཉམ་ཞུགས་བྱེད་མཁན་ཡོང་རྒྱུ་དང༌། དེ་ཡང་རིམ་པས་མང་དུ་འགྲོ་རྒྱུའི་ཐུགས་རེ་དང་སྦྲགས་སྤྱི་པའི་དོན་དུ་མ་དངུལ་ཞལ་འདེབས་འབུལ་འབབ་མང་དུ་ཕྱིན་ཚེ། འབྲེལ་ཡོད་བཙན་བྱོལ་བོད་མིའི་མཛད་གཙོ་རྣམ་པར་འབྲེལ་གཏུགས་ཞུས་ཏེ། རྒྱ་མཚོའི་ནང་གི་ཆུ་ཐིག་ཟེར་བའི་དཔེ་ལྟར་ཞབས་འདེབས་ཤིག་གྲུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་གསུང་ཡོད་པར་རེད། ཁོང་རྣམས་གསུམ་གྱིས་ལས་འགུལ་དེ་ལྟ་བུ་འགོ་བཙུགས་གནང་དགོས་པའི་དགོས་པ་རྒྱུ་མཚན་ནི། ཟླ་བ་གཅིག་ནང་གི་དགོང་ཟས་སྤངས་བའི་ཉིན་དེར་ནང་མི་ཚོའི་ནང་བོད་ཀྱི་འདས་དང་ད་ལྟའི་གནས་སྟངས་དྲན་གསོ་དང་སློབ་གསོ་ཐེབས་པ་བརྒྱུད་བོད་མི་རིགས་ཀྱི་གནས་བབ་དང༌། མི་རབས་གསར་པ་ཚོས་མ་འོངས་པའི་མི་རབས་རྒྱུད་འཛིན་མཇུག་སྐྱོང་བྱ་རྒྱུར་དཔལ་འབྱོར་ནི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཡིན་པར་ངོས་འཛིན་གྱིས་དགོང་ཟས་སྤང་བའི་དངུལ་དེ་རང་རིགས་བོད་མི་ན་གཞོན་ཚོའི་ཤེས་ཡོན་གནས་ཚད་གོང་མཐོར་གཏོང་རྒྱུར་ཕན་ཐོགས་ཤིག་ཡོང་རྒྱུར་དམིགས་པ་ཞིག་ཡིན་ཞེས་དང༌། ཁོང་རྣམ་པའི་ལས་འགུལ་དེ་རྒྱུན་འཁྱོངས་ཡོང་རྒྱུར་དེའི་ནང་མཉམ་ཞུགས་གནང་མཁན་གང་མང་ཡོང་བའི་རེ་སྐུལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎