བོད་ནག་ཆུར་དགེ་འདུན་པ་གསུམ་འཛིན་བཟུང་བྱས་སྐོར།
2009.04.30
༄༅༎བོད་ཀྱི་ནག་ཆུ་རྫོང་ནང་ཡོད་པའི་ཞབས་བརྟན་དགོན་པའི་དགེ་འདུན་པ་གསུམ་ས་གནས་སྤྱི་བདེ་མི་སྣས་དོ་དམ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་རིང་ཚེས་སུམ་ཅུ་ཉིན་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་གསལ་ལྟར་ན་ཁ་སྔོན་ཚེས་བཅུ་གཅིག་ཉིན་བོད་ཀྱི་ནག་ཆུ་རྫོང་གི་ས་གནས་སྤྱི་བདེ་མི་སྣས་དགུང་གྲངས་བཞི་ཅུ་ཞེ་བདུན་ཡིན་པ་ཞབས་བརྟན་དགོན་གྱི་མཁན་ཟུར་ཐུབ་བསྟན་ཐབས་མཁས་ལགས་དང་དགུང་གྲངས་སུམ་ཅུ་སོ་བཞི་ཡིན་པ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་ཡང་དགུང་གྲངས་སུམ་ཅུ་ཡིན་པ་ཞབས་བརྟན་དགོན་ཀྱི་འཛིན་སྐྱོང་འགན་འཛིན་བརྩོན་འགྲུས་ལགས་བཅས་ལ་མགོ་བསྐོར་སླུ་བྲིད་འོག་འཛིན་བཟུང་བྱས་ཡོད་པ་རེད། ས་གནས་སྤྱི་བདེ་མི་སྣས་མཁན་ཟུར་ཐུབ་བསྟན་ཐབས་མཁས་ལགས་དང་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས་གཉིས་འཛིན་བཟུང་བྱས་པའི་སྐབས་ཞབས་བརྟན་དགོན་གྱི་དགེ་འདུན་པ་རྣམས་ལ་ཁོང་གཉིས་དགེ་ཤེས་ལྷ་རམ་པའི་ཕྱག་ཁྱེར་བཞེས་རྒྱུའི་ཆེད་ལྷ་ས་གྲོང་ཁྱེར་གྱི་ཆོས་དོན་ལས་ཁུངས་སུ་ཕེབས་བསྐྱོད་གནང་བ་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་པ་དང་ཡིན་ཡང་དོན་དངོས་སུ་ཁོང་གཉིས་ནག་ཆུ་རྫོང་གི་དོ་དམ་བཀག་ཉར་ཁང་ཞིག་ཏུ་ཐད་ཀར་བཙན་འཁྲིད་བྱས་ཡོད་པ་རེད། དེ་མཚུངས་ས་གནས་སྤྱི་བདེ་མི་སྣས་ཞབས་བརྟན་དགོན་གྱི་འཛིིན་སྐྱོང་འགན་འཛིན་བརྩོན་འགྲུས་ལགས་ཀྱང་ས་གནས་ཀྱི་ལས་ཁུངས་ཞིག་ཏུ་ཚོགས་འདུར་ཕེབས་བསྐྱོད་བྱ་ཚུལ་འགྲེལ་བརྗོད་བྱས་ཡོད་ནའང་དོན་དངོས་སུ་དོ་དམ་བཀག་ཉར་ཁང་དུ་བཅུག་ཡོད་པ་བཅས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གནས་ཚུལ་ཕྱིར་བསྒྲགས་གནང་འདུག གོང་གསལ་ནག་ཆུ་རྫོང་གི་ཞབས་བརྟན་དགོན་གྱི་དགེ་འདུན་པ་གསུམ་དོ་དམ་འཛིན་བཟུང་གི་བཀག་ཉར་བྱ་དགོས་དོན་ཁ་གསལ་མེད་ལ་ཁོང་རྣམས་ཀྱི་ཕ་མ་སྤུན་མཆེད་ཚོས་ནག་ཆུ་རྫོང་གི་དོ་དམ་བཀག་ཉར་ཁང་ནང་ཁོང་རྣམས་དང་འབྲེལ་གཏུགས་ཡོང་ཐབས་ཀྱི་ཐབས་ཤེས་གནང་མུས་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།