ཐའེ་ལྦན་དུ་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་པ།
2010.06.26
༄༅༎ཁ་ས་ཐའེ་ལྦན་གྱི་རྒྱལ་ས་ཐཡེཔེ་ནང་མི་མང་སྟོང་ཕྲག་མང་པོ་ཁྲོམ་གཞུང་ཐོག་ཐོན་ཏེ་མགྱོགས་མྱུར་མིང་རྟགས་བཀོད་ལ་ཉེ་བའི་ཐའེ་ལྦན་དང་རྒྱ་ནག་དབར་གྱི་ཚོང་དོན་གྱི་ཆིངས་ཡིག་དེར་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་རེད་ ངོ་རྒོལ་གྱི་ལས་འགུལ་དེ་བཞིན་ཐའེ་ལྦན་གྱི་དམངས་གཙོ་ཡར་ཐོན་ཚོགས་པས་གོ་སྒྲིག་བྱས་པ་ཡིན་པ་དང་ ལས་འགུལ་དེའི་ནང་མི་མང་འབུམ་གཅིག་ཙམ་གྱིས་མཉམ་ཞུགས་བྱས་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད་
ཐའེ་ལྦན་གྱི་ཚོང་དོན་སྐུ་ཚབ་ཁྲིན་ཕིན་ཁུང་གིས་ཟླ་བ་འདིའི་ཚེས་༢༩གཟའ་མིག་དམར་ཉིན་རྒྱ་ནག་ཏུ་བསྐྱོད་དེ་མཚོ་སྒག་ཕན་ཚུན་དབར་གྱི་དཔལ་འབྱོར་མཉམ་འབྲེལ་སྒྲོམ་གཞིའི་ཆིངས་དོན་ལ་མིང་རྟགས་བཀོད་རྒྱུ་ཡིན་པ་རེད་
ཆིངས་དོན་གྱི་འབྲུ་དོན་གཞིར་བཟུང་བྱས་ན་ཐའེ་ལྦན་ནས་བཟོས་པའི་རྫས་འགྱུར་དངོས་པོའི་རྣམ་གྲངས་༥༣༩ཙམ་ལ་ཚོང་ཁྲལ་ཆགས་ཡངས་བཏང་སྟེ་རྒྱ་ནག་ནང་འཚོང་བསྒྱུར་བྱ་རྒྱུ་འཁོད་ཡོད་པ་རེད་ འོན་ཀྱང་རྒྱ་ནག་ནས་ཐའེ་ལྦན་ལ་ཚོང་ཁྲལ་ཆགས་ཡངས་ཀྱི་ཐོག་ནས་བཙོང་རྒྱུའི་དངོས་པོའི་རྣམ་གྲངས་ཀྱི་གྲངས་འབོར་ནི་དེ་ལས་ཕྱེད་ཀ་ཙམ་མ་གཏོགས་མེད་པ་རེད་ ཁ་ས་ཐའེ་ལྦན་གྱི་རྒྱལ་སའི་ནང་ཐའེ་ལྦན་དང་
རྒྱ་ནག་དབར་གྱི་ཚོང་དོན་ཆིངས་ཡིག་དེར་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་མཁན་ཁོངས་སུ་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལི་ཏང་ཧུཡི་མཆོག་ཀྱང་ཕེབས་ཡོད་པ་རེད་ ཁོང་གིས་དཔལ་འབྱོར་མཉམ་འབྲེལ་སྒྲོམ་གཞི་ཟེར་བ་དེ་ཡིས་ཁེ་གཉེར་ལས་ཁང་ཆེན་པོ་ཚོར་ཕན་ཐོགས་འབྱུང་རྒྱུ་ཡིན་པ་ལས་ ཐའེ་ལྦན་གྱི་རྒྱ་ཆེའི་མང་ཚོགས་དང་ལས་རྩོལ་མི་མང་ཚོ་དང་ དེ་བཞིན་ཚོང་པ་ཆུང་ཁག་རིགས་ལ་ཕན་ཐོགས་གང་ཡང་ཡོང་རྒྱུ་མིན་པ་དང་ ཐའེ་ལྦན་དང་རྒྱ་ནག་དབར་གྱི་དཔལ་འབྱོར་མཉམ་འབྲེལ་ཆིངས་དོན་དེ་ནི་ཐའེ་ལྦན་ལ་གནོད་པའི་ཆིངས་དོན་ཞིག་དང་ནོར་འཁྲུལ་ཅན་གྱི་ཐག་གཅོད་ཅིག་རེད་ཅེས་གསུངས་ཡོད་པ་རེད།།