༸གོང་ས་མཆོག་ནས་བོད་དོན་འདུ་འཛོམས་ཐོག་བཀའ་སློབ་བསྩལ་རྒྱུ།
2012.05.26
༄༅༎ཕྱི་ཚེས་༢༦ཉིན་ཨོ་སིཀྲོ་རི་ཡའི་རྒྱལ་ས་ཝི་ཡ་ན་རུ་གདུང་སེམས་མཉམ་བསྐྱེད་ཀྱི་འདུ་འཛོམས་ཞེས་པའི་བརྗོད་གཞིའི་ཐོག བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་བྱེད་ཀྱི་ཡོད་པ་དང་། འདུ་འཛོམས་དེའི་ཐོག་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱང་སྟེ་བཀའ་སློབ་བསྩལ་རྒྱུ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་བློ་བཟང་སེང་གེ་ལགས་ཡང་མཉམ་བཞུགས་ཀྱིས་གསུང་བཤད་གནང་རྒྱུ་ཡིན་འདུག
ཡོ་རོབ་ཀྱི་བོད་རིགས་མཐུན་ཚོགས་དང་ཡོ་རོབ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཟུང་འབྲེལ་གྱིས་ཨོ་སི་ཀྲོ་རི་ཡའི་རྒྱལ་ས་བི་ཡ་ན་རུ་སྤེལ་རྒྱུའི་བོད་དོན་ཆེད་གདུང་སེམས་མཉམ་སྐྱེས་ཀྱི་འདུ་འཛོམས་ལས་འགུལ་དེའི་ཐོག མི་གང་མང་མཉམ་ཞུགས་ཡོང་ཐུབ་པའི་ཆེད་དུ་ཉེ་བའི་ཆར་ལས་རིམ་གོ་སྒྲིག་ཞུ་མཁན་གྱིས་དབྱིན་ལན་དང་། སུད་སི། ཨོ་སི་ཁྲོ་རི་ཡ་བཅས་སོ་སོའི་ནང་གདུང་སེམས་མཉམ་བསྐྱེད་ཀྱི་འདུ་འཛོམས་དེའི་སྐོར། རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་རིམ་པ་སྤེལ་ནས་ལས་རིམ་དྲིལ་བསྒྲགས་བྱས་ཡོད་པ་རེད། ད་རེས་ལས་རིམ་དེའི་ནང་གཙོ་བོ་བོད་དོན་དྲིལ་བསྒྲགས་དང་དམིགས་བསལ་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ཕྱི་རྒྱལ་ཡུལ་མི་ཚོར་ངོ་སྤྲོད་བྱ་རྒྱུ་དང་། ལྷག་པར་ད་རེས་ཀྱི་འདུ་འཛོམས་དེ་བརྒྱུད་ནས་ཡོ་རོབ་མི་མང་ཚོས་བོད་མི་ཚོར་རྒྱབ་སྐྱོར་ཡོད་པ་དེ་མཚོན་ཐུབ་རྒྱུ་དང་། དམིགས་བསལ་བོད་ནང་གི་བོད་མི་ཚོར་ཁོང་ཚོ་འཁྱེར་རྐྱང་མིན་པར་ཕྱི་ལ་ཡོད་པའི་བོད་མི་ཙམ་མ་ཟད། ཕྱི་རྒྱལ་ཡུལ་མི་ཧ་ཅང་མང་པོས་རྒྱབ་སྐྱོར་གནང་གི་ཡོད་པའི་རྣམ་པ་དེ་སྟོན་ཐུབ་རྒྱུའི་ཆེད་དུ། ལས་འགུལ་དེ་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང༌། དེ་བཞིན་འདུ་འཛོམས་ཀྱི་ལས་འགུལ་དེའི་ཁྲོད་བོད་ཀྱི་རིག་གཞུང་ངོ་སྤྲོད་ཆེད་ གཞས་སྣ་འཕྲབ་སྟོན་སོགས་ཀྱི་ལས་རིམ་ཡང་གོ་སྒྲིག་བྱས་ཡོད་པའི་སྐོར་གསུངས་འདུག།