འབར་མ་ནས་ཕྱིར་བྲོས་བྱོལ་འགྲོ་མི་མང་དུ་འགྲོ་རྒྱུའི་སྔོན་དཔག།
2009.08.27
༄༅༎འབར་མའི་བྱང་ཤར་ཁུལ་དུ་བདེ་འཇགས་མི་སྣ་དང་ས་གནས་ཀྱི་གྲངས་ཉུང་མི་རིགས་དབར་རྩོད་རྙོག་རྐྱེན་པས་ཡུལ་མི་སྟོང་ཚོ་མང་པོ་བྲོས་བྱོལ་དུ་སྐྱོད་བཞིན་པའི་གནས་སྟངས་འོག་ད་དུང་འཁྲུག་རྩོད་ཇེ་ཤུགས་ཆེ་རུ་འགྲོ་རྒྱུའི་སྔོན་དཔག་བྱེད་བཞིན་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག
གནས་ཚུལ་ནང་བཀོད་པར་གཞིགས་ན་ཉེ་སྔོན་ཕྱི་ཚེས་བརྒྱད་ཉིན་འབར་མའི་དྲག་པོའི་སྒྲིག་འཛུགས་ཀྱིས་ཀོ་ཀང་ཞེས་པའི་འབར་མའི་ཤན་མངའ་སྡེའི་གྲོང་ཁྱེར་རུ་འབར་རྫས་ཀྱི་བཟོ་གྲྭ་ཞིག་ནས་ཉལ་ཐ་བཟོ་བསྐྲུན་བྱེད་ཀྱི་ཡོད་པའི་ཁ་དཀྲིའི་འོག་ཁུལ་དེར་དམག་མི་ཁྱོན་ཆེ་དཔུང་འཇོག་བྱས་པ་ནས་བཟུང་ས་ཁུལ་ནང་བདེ་འཇགས་མི་སྣས་དམ་བསྒྲགས་དང་དྲག་གནོན་གྱི་འཇིགས་སྣང་ལ་བརྟེན་ནས་ས་གནས་ཀྱི་ཀོ་ཀང་གྲང་སཉུང་མི་རིགས་སྟོང་ཚོ་མང་པོས་འབར་མ་དང་རྒྱ་ནག་གི་ས་འབྲེལ་ས་མཚམས་སུ་བྲོས་བྱོལ་དུ་བསྐྱོད་དགོས་བྱུང་ལུགས་སྐོར་ཨ་རིར་རྟེན་གཞི་བྱས་པའི་འབར་མའི་ལས་འགུལ་ཚོགས་པ་ཞེས་པ་ནས་གསལ་བསྒྲགས་བྱས་འདུག
ཀྲོང་ཆིང་ཕྱི་དྲོའི་གསར་ཤོག་ཅེས་པས་རྒྱ་ནག་གི་གསར་ཤོག་གི་གནས་ཚུལ་ལ་གཞིགས་ན་རྒྱ་ནག་གི་ས་མཚམས་ཁུལ་དུ་འབར་མའི་གྲངས་ཉུང་མི་རིགས་འབུམ་གཅིག་ལྷག་སྐྱབས་བྱོལ་དུ་འབྱོར་ཡོད་པ་དང་རྒྱ་ནག་གཞུང་གིས་སྐྱབས་བཅོལ་བ་དེ་དག་འབར་མ་ནང་ཕྱིར་ལོག་རྩིས་སྤྲོད་བྱ་རྒྱུའི་མོས་ཐུན་བྱས་སྟེ་ད་ལྟ་གནས་སྟངས་ཕྲན་བུའི་ལྷིང་འཇགས་ཡོད་ཚུལ་བརྗོད་ཡོད་པ་རེད། ཡིན་ཡང་གོང་གསལ་འབར་མ་ལས་འགུལ་ཚོགས་པ་ཞེས་པའི་འགྲེལ་བརྗོད་བྱས་དོན་དུ་འབར་མའི་དྲག་པོའི་སྲིད་གཞུང་གིས་ད་རེས་ཀོ་ཀང་ས་ཁུལ་ནང་དམག་མི་འགྲེམས་འཇོག་བྱས་པའི་གནད་དོན་རྐྱེན་པས་འདས་པའི་ལོ་ངོ་ཉི་ཤུ་རིང་ཀོ་ཀང་གྲངས་ཉུང་མི་རིགས་ཀྱི་རང་དབང་འཐབ་རྩོད་བྱེད་མཁན་གྱེན་ལངས་སྒྲིག་འཛུགས་དང་དྲག་པོའི་སྲིད་གཞུང་དབར་དམག་མཚམས་བཞག་པའི་གྲོས་མཐུན་ནུས་མེད་འགྲོ་རྒྱུ་མ་ཟད་ཁུལ་དེའི་ནང་གཞུང་དམག་འགྲེམས་འཇོག་ལ་བརྟེན་ནས་གྱེན་ལངས་སྒྲིག་འཛུགས་དང་བདེ་འཇགས་མི་སྣའི་དབར་སླར་ཡང་འཐབ་རྒོལ་རྒྱ་ཆེར་སོང་སྟེ་སྐྱབས་བཅོལ་བའི་གྲངས་འབོར་ཇེ་མང་འགྲོ་རྒྱུའི་བློ་འཚབ་གསལ་འདོན་བྱས་འདུག།