ཨ་རིའི་རྒྱལ་སར་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི།
2011.07.06
༄༅༎ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་འདུ་འཛོམས་ཐོག་བོད་མི་དང་ཕྱི་རྒྱལ་བ་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་དད་གུས་ཆེན་པོས་དུས་དྲན་སྲུང་བརྩི་གནང་འདུག༎
ཕྱི་ཟླ་བདུན་པའི་ཚེས་དྲུག་རེས་གཟལ་ལྷག་པའི་སྡ་དྲོ་དུས་འཁོར་དབང་ཆེན་སྩལ་ཡུལ་ཚོགས་ཁག་ཆེན་མོ་ལྦ་རའི་ཛོན་ནང་༧གོང་ས་མཆོག་དགོང་གྲངས་༧༦ལ་ཕེབས་པའི་འཁྲུངས་སྲུང་བརྩིའི་མཛད་སྒོར་༧གོང་ས་མཆོག་སྐུ་ཞུགས་གནང་ཡོད་པ་མ་ཟད་དམིགས་བསལ་སྐུ་མགྲོན་ རྒྱ་གར་གྱི་མེས་པོ་དམ་པ་ མ་ཧཏ་མ་གེན་རྡིའི་ཚ་བོ་ཨ་རུན་གེན་རྡི་དང་ཨ་རིའི་སྤྱི་དམངས་ཐོབ་ཐང་དོན་གཉེར་བ་མའར་ཀྲིན་ལུ་ཐར་ཀིང་གི་སྲས་མའར་ཀྲིན་ལུ་ཐར་སྐུ་གཞོན་བཅས་ཕེབས་ཏེ་༧གོང་ས་མཆོག་གི་མཛད་འཕྲིན་ལ་བསྔགས་བརྗོད་དང་སྦྲགས་༧གོང་ས་མཆོག་གི་དགོངས་གཞི་མཐའ་དག་ལྷུན་གྱི་འགྲུབ་པའི་ཆེད་དུ་སྐུ་ཚེ་ཡུན་རིང་གནས་པའི་སྨོན་འདུན་ཞུས་གནང་འདུག། ཨ་རུན་གེན་རྡི་ཡིས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་ཆེད་དམིགས་བསལ་མགྲོན་བརྡ་འབྱོར་སྐབས་ཡིད་མ་ཆེས་པའི་དགའ་འཚོར་ཆེན་པོ་བྱུང་ཡོད་སྐོར་གསུངས་རྗེས་༧གོང་ས་མཆོག་གིས་ད་བར་འཚེ་མེད་ཞི་བ་དང་ བྱམས་དང་སྙིང་རྗེའི་རླབས་ཆེན་གྱི་མཛད་འཕྲིན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ་བ་དང་ཆབས་ཅིག། དེ་རིང་འདིར་འཛོམས་མཁན་རྣམས་པ་དང་འཛམ་གླིང་ས་ཕྱོགས་གར་སར་བརྙན་འཕྲིད་བརྒྱུད་གསན་མཁན་ཀུན་གྱིས་༧གོང་ས་མཆོག་གི་འཁྲུང་སྐར་ལ་ལེགས་སྐྱེས་ཡག་ཤོས་ནི། དེ་རིང་ནས་བཟུང་ང་ཚོས་ནམ་ཡང་ཁོང་ཁྲོ་མི་བྱེད། ནམ་ཡང་ཕན་ཚུན་དབྱེན་སྦྱོར་མི་བྱེད།་ ནམ་ཡང་འདོད་རྔམས་མི་བྱེད་པར་དུས་རྒྱུན་དུ་ནས་ཕན་ཚུན་མཛའ་སེམས་བཅང་བའི་ཐོག་འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུའི་དམ་བཅའ་བཞག་རྒྱུ་དེ་རེད་ཅེས་སྐུལ་མ་འདི་ལྟར་གནང་འདུག། མའར་ཀྲིན་ལུ་ཐར་ཀིང་གིས་གསུངས་བཤད་གནང་བའི་ནང་༧གོང་ས་མཆོག་གིས་བྱམས་དང་སྙིང་རྗེ་ འགྲོ་བ་མའི་ཐོབ་ཐང་ དེ་བཞིན་ཞི་བདེ་བཅས་ཀྱི་དེད་དཔོན་ཆེན་པོ་གྱུར་ཡོད་སྐོར་བསྔགས་དང་སྦྲགས་ ༧གོང་ས་མཆོག་གིས་བོད་གཙོས་པའི་འཛམ་གླིང་ས་ཕྱོགས་གར་སར་དབང་དང་ཞི་བདེ་བསྐྱར་གསོའི་ཐུགས་དགོངས་འགྲུབ་པའི་ཆེད་དུ་སྐུ་ཚེ་ཡུན་གནས་ཐུབ་པའི་སྨོན་འདུན་འདི་ལྟར་ཞུས་གནང་འདུག། ཁོང་གཉིས་གསུང་གནང་མ་གནང་གོང་ལྷོ་ཨཕ་རི་ཀའི་འཚེ་མེད་ཞི་བའི་དེད་དཔོན་དང་ནོ་བྭེལ་ཞི་བདེའི་གཟེངས་རྟགས་བཞེས་དང་༧གོང་ས་མཆོག་དང་རྒྱུས་འདྲིས་ཆེན་ཡོད་པ་ ལྷོ་ཨཕ་རི་ཀའི་བླ་ཆེན་ཌེ་སེ་མེན་ཀྲུ་ཀྲུ་མཆོག་གིས་བརྙན་འཕྲིན་ཐོག་༧གོང་ས་མཆོག་དགུང་གྲངས་༧༦ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲིའི་གསུང་འཕྲིན་གནང་བའི་ནང་ ༧གོང་ས་མཆོག་གི་མཛད་འཕྲིན་ལ་བསྔགས་བརྗོད་ཚད་མེད་ཞུ་བ་དང་ཆབས་ཅིག་ ད་ཆ་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་ཡོད་པར་བརྟེན་ནམ་ཞིག་ལྷོ་ཨཕ་རི་ཀར་ཁོང་གི་གཟིམ་ཤག་ཏུ་ཐུགས་ལྷོད་ངང་མཇལ་རྒྱུའི་ཐུགས་རེ་གནང་འདུག། ༧གོང་ས་མཆོག་སྐུ་ཉིད་ནམ་རྒྱུན་ནས་སྐྱེ་སྐར་སྲུང་བརྩི་ཞུ་རྒྱུར་དགའ་མོས་གནང་གི་མེད་ཀྱང་སྐབས་འདིར་སྐུ་མགྲོན་རྣམ་པ་ཚོའི་གསུངས་བཤད་ལ་བསྔགས་བརྗོད་དང་སྦྲགས་དེར་འཛོམས་ཕྱི་ནང་མི་སྣ་ཚང་མས་དུས་རྒྱུན་ནས་འཚེ་ལས་སྤངས་ནས་བྱམས་དང་སྙིང་རྗེའི་རྩ་བ་བརྟན་པོ་བཟུང་བས་གཞན་ཕན་གྱི་བྱ་བར་འཇུག་དགོས་པ་དང། གལ་སྲིད་དེ་ལྟར་མ་བྱུང་ན་ཡང་ གཞན་ལ་གནོད་སྐྱེལ་མི་དགོས་པ་གཙོ་འདོན་བྱེད་དགོས་པའི་བཀའ་སློབ་བསྩལ་གནང་འདུག། སྔ་དྲོ་༧གོང་ས་མཆོག་ཆོས་རར་ས་ཆོག་དང་སྔོན་འགྲོའི་གསུངས་ཆོས་བསྩལ་བར་ཞབས་སོར་འཁོད་སྐབས་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ཌི་སི་ཡིས་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀོ་མི་རྦ་རའོན་ལགས་ཀྱིས་ཕེབས་བསུ་ཞུས་ཡོད་པ་མ་ཟད་དེ་རྗེས་ཁོང་གི་གསུང་བཤད་གནང་༧གོང་ས་མཆོག་གིས་བར་ལམ་ནས་ས་ཁུལ་གྱི་དམིགས་བསལ་སློབ་གཉེར་ཁང་གི་གཞོན་སྐྱེས་ཚོར་བླང་དོར་གྱི་བཀའ་སློབ་ཟབ་གནང་བ་དེས་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་སྙན་སྒྲོན་ཞུས་གནང་འདུག། དེ་མཚམས་བོད་ས་མཆོག་གིས་གཞིས་བྱེས་གཉིས་ཀྱི་བོད་མི་ཚོར་དམིགས་ནས་བཀའ་སློབ་བསྕལ་བའི་ནང་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་དེང་དུས་དང་སྲོལ་རྒྱུན་གྱི་ཤེས་ཡོན་གཉིས་ཀར་དོ་སྣང་སྤྱི་མཚུངས་དགོས་གལ་ཆེ་པོ་དགོས་སྐོར་འདི་ལྟར་བཀའ་བསྩལ་གནང་འདུག།