ཁྲིག་སེ་རིན་པོ་ཆེ་མཆོག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གོང་ས་མཆོག་ནས་ལོ་རྗེས་མར་ལ་དྭགས་སུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཞལ་བཞེས་མཛད་ཡོད་པ།
ཕྱི་ཟླ་ ༡༠ པའི་ཚེས་ ༤ ཉིན་ལ་དྭགས་ཡུལ་གྱི་བླ་ཆེན་ཁྲིག་སེ་རིན་པོ་ཆེ་མཆོག་དང་། ལ་དྭགས་ནང་པ་ཚོགས་འདུའི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་དང་དྲུང་ཆེ་ཡེ་ཤེས་རྣམ་རྒྱལ་ལགས། ལ་དྭགས་དགོན་པ་ཚོགས་པའི་ཚོགས་གཙོ་ཚེ་རིང་ཨང་དྲུས་ལགས་དང་ལ་དྭགས་གཞོན་ནུ་ཚོགས་པའི་ཚོགས་གཙོ་འཇིགས་མེད་རབ་བརྟན་ལགས་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཇལ་ཁ་ཞུས་ཡོད་པ། ཐེངས་འདིར་༸གོང་ས་མཆོག་གི་མཇལ་བཅར་ཞུས་དོན་གཙོ་བོ་ནི། ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ནས་སྐུའི་ཞབས་པུས་སྨན་བཅོས་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཕྱིར་ཞབས་སོར་འཁོད་པར་བརྟེན་འཚམས་འདྲི་ཞུ་ཆེད་དང་། ལྷག་པར་དུ་༸མགོན་པོ་མཆོག་ལ་དྭགས་དང་ནུབ་ར་ཁུལ་དུ་ཆིབས་བསྒྱུར་གནང་སྐྱོང་ཡོང་བའི་དགོངས་སྐོར་ཞུས་པ་ལྟར་མགོན་པོ་མཆོག་གིས་ཞལ་བཞེས་བཟང་པོ་སྨིན་སྩལ་མཛད་གནང་སོང་ཞེས། ཁྲིག་སེ་རིན་པོ་ཆེ་མཆོག་གིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་བཞིན་ལ་དྭགས་ནང་པ་ཚོགས་འདུའི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས། ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་མི་མང་ནས་༸གོང་ས་མཆོག་སྐུའི་ཞབས་པུས་སྨན་བཅོས་རྗེས་སེམས་འཁུར་ཆེན་པོ་གནང་གི་ཡོད་ཅིང་། ༸གོང་ས་མཆོག་མཇལ་འདོད་ཆེན་པོ་ཡོད་སྐོར་དགོངས་སྐོར་ཞུས་པ་བཞིན་༸གོང་ས་མཆོག་ནས་ལོ་རྗེས་མར་ལ་དྭགས་སུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཞལ་བཞེས་མཛད་ཡོད་པར་བརྟེན་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་བྱུང་།
རྩ་བའི་འདི་ལོའི་ཟླ་ ༤ པའི་ཚེས་ ༡༧ ཉིན་ལ་དྭགས་ཡུལ་གྱི་བླ་ཆེན་ཁྲིག་སེ་རིན་པོ་ཆེ་གཙོས་ལ་དྭགས་ནང་པའི་ཚོགས་འདུ་དང་། དགོན་པ་ཚོགས་འདུ། དེ་བཞིན་ལ་དྭགས་ཟངས་དཀར་ནང་པའི་ཚོགས་འདུ། གར་ཤ་དགོན་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུའི་གསོལ་འདེབས་ཞུས་པ་བཞིན། དགའ་ལྡན་ཕོ་བྲང་ནས་ཁྲིག་སེ་རིན་པོ་ཆེ་ལ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གནས་སུ་ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་བདུན་པའི་ནང་ཆིབས་བསྒྱུར་མཛད་རྒྱུ་ཡིན་པའི་ཕྱག་བྲིས་ཤིག་བསྩལ་གནང་ཡོད་ཀྱང་འདི་ལོར་༸སྐུའི་ཞབས་པུས་སྨན་བཅོས་རྐྱེན་གྱིས་ཆིབས་བསྒྱུར་བསྐྱངས་ཐུབ་མེད་པ་རེད།
རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་བླ་ཆེན་ཁྲིག་སེ་རིན་པོ་ཆེ་མཆོག་ནས་རྒྱ་གར་གཞུང་དམངས་ལ་ཕན་པའི་ཕྱག་ལས་སྣ་མང་བསྒྲུབས་པར་ངོས་འཛིན་ཆེ་བསྟོད་ཀྱིས། ཕྱི་ལོ་༢༠༢༣ལོའི་ཟླ་༣ པའི་ནང་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་བཞི་པ་པདྨ་ཤྲི་སྩལ་བའི་མཛད་སྒོའི་ཐོག རྒྱ་གར་སྲིད་བློན་ནཱ་རེན་ཏི་རཱ་མོ་ཏི་མཆོག་ནས་ཀྱང་མཇལ་འཕྲད་གུས་བརྩི་ཆེན་པོ་གནང་ཡོད་ཅིང་། རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༡༩༩༩ ལོ་ནས་ ༢༠༠༢ བར་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཡང་གནང་མྱོང་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།