བོད་མིར་དྲང་བདེན་མིན་པའི་ཁྲིམས་ཐག་གཅོད་བཞིན་ཡོད་པ།
2008.10.18
༄༅༎བོད་ནང་བོད་མི་རྣམས་ལ་དྲང་བདེན་མིན་པའི་ཁྲིམས་ཐག་མུ་མཐུད་གཅོད་བཞིན་པར་བོད་གཞུང་མང་ཛ་དྲག་ཚོགས་ཆུང་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཛ་དྲག་གི་རེ་འབོད་ཞུ་བཞིན་ཡོད་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གསར་འགོད་གསལ་བསྒྲགས་སྤེལ་གནང་འདུག
བོད་ལྗོངས་ཆབ་མདོ་ས་ཁུལ་མི་དམངས་ཁྲིམས་ཁང་ནས་ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་གསུམ་ཉིན་གོ་འཇོ་ཐང་སྐྱ་དགོན་པའི་དགེ་འདུན་པ་ཁག་ཅིག་དང་དེ་བཞིན་མདོ་སྨད་རྔ་པ་ཁུལ་བཅས་ཀྱི་སྐྱ་སེར་མང་པོར་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་དེ་སྔོན་སྨར་ཁམས་རྫོང་མི་དམངས་ཁྲིམས་ཁང་ནས་འོད་ཟེར་དགོན་གྱི་གྲྭ་པ་ཁག་ཅིག་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག
རྒྱ་གཞུང་ནས་ཐོག་མར་གྲྭ་པ་ཁག་ལ་ཉེས་འཛུགས་ཀྱི་དཔང་རྟགས་བཏོན་རྒྱུ་ཡོད་ཚུལ་གསུངས་ཡོད་ཀྱང་མཐའ་མ་དེ་ལྟའི་ཁུངས་སྐྱེལ་དཔང་རྟགས་དང་དྲང་བདེན་ཁྲིམས་བཤེར་གང་ཡང་མ་བྱས་པར་ཁྲིམས་ཐག་བཅད་ཡོད་ལུགས་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་བཀོད་གནང་འདུག་
ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་བོད་ཡོངས་སུ་རྒྱལ་སྤྱིའི་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་པ་དང་རིས་སུ་མ་ཆད་པའི་གསར་འགོད་པ་རྣམས་བོད་ས་ཡོངས་སུ་གཏང་དགོས་པ་བོད་ས་ཡོངས་སུ་དྲག་གནོན་མཚམས་འཇོག་དང་བཙོན་པ་གློད་འགྲོལ།བོད་མིའི་ཐོག་དྲང་བདེན་མིན་པའི་ཁྲིམས་ཐག་གཅོད་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ་བཅས་ཀྱི་རེ་འབོད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཞུ་བཞིན་ཡོད་ལུགས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ནང་བཀོད་གནང་འདུག