གནས་མཆོག་རྡོ་རྗེ་གདན་དུ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་༣༡པ་དབུ་འཛུགས་གནང་བ།

དེ་ཡང་རྒྱ་གར་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་ཉེ་མཁྲིས་སུ། ཟླ་བ་འདིའི་ཕྱི་ཚེས་༢༥ཉིན་ནས་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་༣༡པ་དེ་དབུ་འཛུགས་གནང་ཡོད་པ་རེད། ད་རེས་ཀྱི་སྨོན་ལམ་ཆེན་མོ་དབུ་འཛུགས་མ་གནང་གོང་དཔལ་ས་སྐྱའི་ཁྲི་འཛིན་རྣམ་གཉིས་དང་སྨོན་ལམ་གྱི་སྦྱིན་བདག་དབུས་པའི་འབྲེལ་ཡོད་རྣམས་ཀྱིས་སྟོན་པ་རིན་པོ་ཆེར་ཞལ་གསེར་དང་ན་བཟའ་ལྷུང་བཟེད་ཕུལ་ཡོད་པ་རེད། དེ་རྗེས་སྨོན་ལམ་གྱི་ཚོགས་མགོན་དུ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་དཔལ་ས་སྐྱ་ཁྲི་འཛིན་༤༢པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་ས་སྐྱ་ཁྲི་རབས་༤༣པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་གཙོས་ས་སྐྱའི་གདུང་སྲས་རྣམ་པ་བཞི་དང་རྗེ་བཙུན་མ་རྣམ་པ་གཉིས། བསྟན་བདག་བླ་ཆེན་རྣམ་པ། དེ་མིན་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་ས་སྐྱའི་གདན་ས་ཁག་གི་དགེ་འདུན་པ་དང་བཙུན་མ། ལྷག་པར་དུ་ཆོས་རྒྱུད་རིས་མེད་ཀྱི་གྲྭ་བཙུན་དང་མི་སྐྱ་ཕོ་མོ་བཅས་ཁྱོན་མི་གྲངས་༧༠༠༠ལྷག་ནས་ས་སྐྱའི་སྨོན་ལམ་ཆེན་མོར་མཉམ་ཞུགས་གནང་ཡོད་སྐོར། ས་སྐྱའི་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་བླ་མ་བསོད་ནམས་རིན་ཆེན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་འདི་ལོའི་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་དེ་བཞིན་ཟླ་བ་འདིའི་ཕྱི་ཚེས་༢༥ནས་ཕྱི་ལོ་༢༠༢༣ཟླ་བ་དང་པོའི་ཚེས་༥བར་ཁྱོན་ཉིན་གྲངས་བཅུའི་རིང་འཚོག་གནང་རྒྱུ་ཡིན་པ་དང་། ས་སྐྱའི་སྨོན་ལམ་དང་མཉམ་དུ་འདི་ཚེས་༢༨ཉིན་གྱི་སྔ་དྲོ་བྱང་ཆུབ་ཤིང་དྲུང་དུ་གནས་ཆོག་གི་སྒོ་ནས་༸སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཕྱི་ལོ་༢༠༢༣ ཟླ་བ་༡ཚེས་༣ཉིན་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་འདས་མཆོད་ཉིན་༸སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གསུམ་པ་མཆོག་གིས་བློ་ལྡོག་རྣམ་བཞི་གསུང་ཆོས་བསྩལ་རྒྱུ་སོགས་ཀྱི་ཆོས་འབྲེལ་གྱི་མཛད་འཆར་དུ་མ་ཞིག་ཡོད་པ་རེད་འདུག
ཐེངས་འདིའི་ཉིན་བཅུའི་རིང་འཚོག་རྒྱུའི་ས་སྐྱའི་སྨོན་ལམ་ཆེན་མོའི་ཐོག་ཞབས་རིམ་ཁག་གསུང་འདོན་གཙོ་བོ་ནི། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དང་། འཇམ་དཔལ་མཚན་བརྗོད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། འཛམ་གླིང་ཞི་བདེའི་ཆེད་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་ག་གསུང་འདོན་གནང་རྒྱུ་ཡིན་པ་རེད། དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་སྐབས་༡དེ་བཞིན་ཕྱི་ལོ་༡༩༩༣ལོར་གནས་མཆོག་ལུམ་བི་ནིར་དབུ་འཛུགས་གནང་པ་ནས་བཟུང་། དུས་ད་ལྟ་བར་ལོ་ལྟར་རིམ་བཞིན་འཛམ་གླིང་ཞི་བདེའི་ཆེད་དུ་སྨོན་ལམ་ཆེན་མོ་ཚོགས་བཞིན་པའི་མུར། ད་ལྟ་ས་སྐྱའི་སྨོན་ལམ་ཆེན་མོ་སྐབས་༣༡པ་དེ་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།