བོད་ནང་གནམ་གཤིས་འགྱུར་བ་ཐེབས་པའི་ཤུགས་རྐྱེན།
2009.12.12
༄༅༎དེང་སྐབས་ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧེ་གེན་དུ་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཚོགས་བཞིན་པ་ལྟར་རེས་གཟའ་པ་སངས་ཉིན་ལྷན་ཚོགས་དེའི་ནང་དུ་ཚོགས་བཞུགས་གནང་བའི་བཙན་བྱོལ་བོད་མིའི་སྐུ་ཚབ་ནས་བོད་ནང་གི་ཁོར་ཡུག་གནས་སྟངས་ལ་ཞིབ་འཇུག་བྱས་པའི་ཡིག་ཆ་འགྲེམས་སྤེལ་གནང་ཡོད་པ་རེད།
དེ་ཡང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་སུ་བཅར་བའི་བཙན་བྱོལ་བོད་གཞུང་གི་ཕྱི་འབྲེལ་ལས་ཁང་གི་ཁོར་ཡུག་སྡེ་ཚན་གྱིས་རྒྱལ་སྤྱིའི་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བའི་རྐྱེན་གྱིས་བོད་མཐོ་སྒང་གི་གནམ་གཤིས་ལ་འགྱུར་ལྡོག་དང་ཤུགས་རྐྱེན་ཇི་ལྟར་ཐེབས་པའི་སྐོར་གྱི་ཡིག་ཆ་འགྲེམས་སྤེལ་གནང་བ་དེ་ནི། འབྲེལ་ཡོད་དེང་དུས་ཀྱི་ཚན་རིག་པ་དང་སྤྱི་ཚོགས་ས་ཞིབ་ཚན་རིག་པ་ཚོས་ཉེ་བའི་ཆར་བོད་ནང་གི་གནམ་གཤིས་འགྱུར་ལྡོག་གི་ཐད་ལ་ཕྱོགས་ཡོངས་ནས་ཚན་རིག་དང་མཐུན་པའི་ཞིབ་འཇུག་མཐིལ་ཕྱིན་པ་བྱས་པའི་སྙན་ཞིག་ཡིན་པ་རེད།
སྙན་ཐོ་དེའི་ནང་ར་སྤྲོད་འཕེལ་བའི་གནས་ཚུལ་སྙིང་བསྡུས་ཁག་ཅིག་བཀོད་ཡོད་པ་ནི། ད་བར་རྒྱལ་སྤྱིའི་ཚན་རིག་པ་དང་རྒྱ་ནག་གི་ཚན་རིག་པ་ཚོས་བོད་ས་མཐོའི་གནམ་གཤིས་འགྱུར་ལྡོག་གི་སྐོར་ལ་ཞིབ་འཇུག་གི་ཡིག་ཆ་མི་འདྲ་བ་༡༥༠ལྷག་ཚན་རིག་དུས་དེབ་ཁག་ནང་འདོན་སྤེལ་བྱས་པའི་རྣམས་ལུང་འདྲེན་བྱས་ཏེ་ཁུངས་བསྐྱེལ་ར་སྤྲོད་གནང་བའི་ཁར། བོད་ཀྱི་གནམ་གཤིས་འགྱུར་ལྡོག་ཤུགས་རྐྱེན་དེ་ནི་འཛམ་གླིང་གཞན་དང་མི་འདྲ་བར་དཀའ་ངལ་ཆེ་བའི་གནས་སུ་འགྱུར་བཞིན་ཡོད་པ་དང། དེ་ནི་བོད་ཀྱི་ས་ཕྱོགས་མང་པོ་ཞིག་ནང་གནམ་གཤིས་འགྱུར་ལྡོག་ཧ་ཅང་གི་མྱུར་དུ་འགྲོ་བཞིན་ཡོད་པ་དེ་ཡིས་བོད་ཀྱི་འཁྱགས་རོམ་རྣམས་རིམ་པས་བཞུར་ཏེ་རང་འབྱུང་ཁོར་ཡུག་གི་གནས་སྟངས་ལ་འགྱུར་བ་ཐེབས་ཏེ་མི་དམངས་ཚོའི་འཚོ་གནས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུའི་ཉེན་ཁ་ཡོད་པའི་གནས་སྟངས་དང། ལྷག་པར་དུ་བོད་ཀྱི་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བའི་དཀའ་ངལ་ཅན་དུ་འགྱུར་བཞིན་པ་དེ་ཡིས། བོད་མཐོ་སྒང་ནས་རྒྱུགས་བཞིན་པའི་གཙང་ཆུའི་འབྱུང་ཁུངས་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་པའི་ཨེ་ཤི་ཡའི་རྒྱལ་ཁབ་རྒྱ་གར་དང། རྒྱ་ནག་སོགས་ནང་རང་འབྱུང་གི་གནོད་འཚེ་མི་འདྲ་བ་བཟོ་རྒྱུ་ཡིན་པའི་གནས་ལུགས་ངོ་སྤྲོད་གནང་ཡོད་པ་རེད།།