རྒྱ་ནག་གཞུང་གིས་པེ་ཅིན་ནང་བསྟན་སློབ་གླིང་གི་སློབ་ཁྲིད་ནང་དོན་རྒྱ་ནག་གི་ཆབ་སྲིད་སློབ་གསོའི་སྐོར་ཤུགས་ཆེ་རུ་བཏང་འདུག

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༡ ཚེས་ ༣༡ ཉིན། རྒྱ་ནག་གཞུང་གིས་པེ་ཅིན་ཏུ་ཡོད་པའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་མ་བསྡུ་བའི་བརྡ་ཁྱབ་ཅིག་སྤེལ་ཡོད་པ་དང་། བརྡ་ཁྱབ་ཀྱི་ཆ་རྐྱེན་གཙོ་བོ་ཁག་ནི་ཏང་གི་མགོ་ཁྲིད་ལ་བརྩི་བཀུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དགའ་ཞེན། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བཅས་ཡིན་སྐོར་བཀོད་ཡོད་པ་དང་། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་དེ་སྔ་ནས་རྒྱ་ནག་གཞུང་འབྲེལ་གྱི་ཆབ་སྲིད་སློབ་གསོའི་བསླབས་ཚན་ཡོད་ན་ཡང་། ད་ལྟའི་ཆར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་བསམ་བློ་ཟེར་བ་སོགས་ཁ་སྣོན་བྱས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་སློབ་གསོའི་སྐོར་ཤུགས་ཆེ་རུ་བཏང་ཡོད་པ་འབྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་འབྲེལ་གྱིས་བཏང་བའི་སློབ་མ་བསྡུ་བའི་བརྡ་ཐོའི་ནང་། སློབ་གླིང་དེའི་སློབ་གཉེར་བ་ནི་ཆབ་སྲིད་ཐད་བློས་འཁེལ་ཆོག་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་བྱང་ཚད་མཐོ་བ་དང་སྒྲིག་བཀུར་ཁྲིམས་སྲུང་། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་མཁན་ཞིག་ཡིན་པ་སོགས་བརྗོད་ཡོད་པ་མ་ཟད། སི་པན་དུ་གནས་སྡོད་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ནས། པེ་ཅིན་ནང་བསྟན་སློབ་གླིང་དེ་བཞིན་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་དགོངས་པ་རྒྱ་ཆེན་པོ་བཞེས་ཏེ་མགོ་ཚུགས་པ་ཞིག་ཡིན་ན་ཡང་། དེང་སྐབས་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ཆེད་དུ་བེད་སྤྱོད་གཏོང་བཞིན་ཡོད་པས། ཐེངས་འདིར་བརྡ་ཁྱབ་ནང་དམར་ཤོག་ཆོགས་པའི་ཆབ་སྲིད་ཀྱི་དགོས་མཁོ་དང་འཚམ་པ་རྐྱང་བཤད་བཞིན་པ་དེས། རྒྱ་ནག་གཞུང་གིས་བོད་དང་འབྲེལ་བའི་སློབ་གླིང་དེ་དག་བོད་ཀྱི་རིག་གཞུང་ཆེད་མ་ཡིན་པར་ཁོ་རང་ཚོའི་བེད་སྤྱོད་མི་སྣ་གསོ་སྐྱོང་བྱེད་བཞིན་པའི་བརྡ་ལན་གསལ་བོ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱ་ནག་གཞུང་འབྲེལ་གྱི་བརྡ་ཁྱབ་ནང་། ཕྱི་ལོ་ ༢༠༢༤ ལོར་ཁྱོན་སློབ་མ་ ༣༩ བསྡུ་རྒྱུ་ཡིན་པ་ལས། བོད་ཀྱི་ཆོས་བརྒྱུད་ཁག་ལས་དགེ་ལུགས་པའི་སློབ་མ་ ༡༣ དང་བཀའ་བརྒྱུད་པ་ ༡༣། རྙིང་མ་པ་ ༡༣ བཅས་ཡིན་པ་ལས། བོད་རང་སྐྱོང་ལྗོངས་ནང་སློབ་མ་ ༡༢ དང་། སི་ཁྲོན་ཞིང་ཆེན་དུ་ ༩། ཡུན་ནན་ཞིང་ཆེན་དུ་སློབ་མ་ ༣ དང་ཀན་སུའུ་ཞིང་ཆེན་དུ་སློབ་མ་ ༣། མཚོ་སྔོན་ཞིང་ཆེན་དུ་ ༡༢ བཅས་ཡིན་བསྡུ་རྒྱུ་ཡིན་པ་བཀོད་འདུག།ཡིག་རྒྱུགས་ལེན་པའི་ནང་དོན་སྐོར་ལ་ནང་བསྟན་རིག་པ་དང་། སྲིད་ཇུས་དང་ཁྲིམས་སྲོལ་ཤེས་བྱ། སྐད་ཡིག་དང་རིག་གནས་སྐོར་བཅས་ཁག་གསུམ་ཡོད་པ་དང་། སློབ་གྲྭ་དེའི་ནང་ཚུད་ཚར་རྗེས་བསླབ་ཚན་གྱི་ནང་དོན་བརྒྱ་ཆ་ ༦༠ ནང་དོན་རིག་པ་དང་། རྒྱ་ནག་གི་གཞུང་འབྲེལ་ཆབ་སྲིད་སློབ་གསོ་བརྒྱ་ཆ་ ༤༠ ཡིན་པ་ལས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་། ཞིབ་ཕྲའི་སློབ་ཚན་ལ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སྤྱི་བཤད། རྒྱ་ནག་གི་ཉེ་རབས་དང་དེང་རབས་ལོ་རྒྱུས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་རྨང་གཞི། སྐབས་དོན་ཆབ་སྲིད་སོགས་ཡིན་པ་བཀོད་འདུག
སྤྱིར་རྒྱ་ནག་གཞུང་ངོས་ནས་ལས་ཀ་སོགས་འཚོལ་སྐབས་བོད་མི་ཚོར་ཆེད་དམིགས་ཀྱིས་ཁ་བྲལ་བར་འཐབ་རྩོད་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ངོ་རྒོལ་དགོས་པའི་བརྡ་ཁྱབ་གཏོང་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ལོར་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་འཛུལ་ཞུགས་བྱེད་པར་༸གོང་ས་མཆོག་ལ་ངོ་རྒོལ་དགོས་སྐོར། དེ་བཞིན་ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༦ ནང་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གཉིས་ནས་ལས་ཞུགས་བརྡ་ཐོ་བཏང་བའི་ནང་། ༸གོང་ས་མཆོག་ལ་སྐྱོན་བརྗོད་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་སོགས་བྱས་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༤ ལོའི་བོད་ཀྱི་ལོ་གསར་ལ་ཉེ་བ་དང་བསྟུན་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་ཚོར་འཚམས་འདྲི་དང་༸གོང་ས་མཆོག་དང་ཁ་བྲལ་ལ་འཐབ་རྩོད་དགོས་པའི་སྐུལ་མ་བྱས་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།