རྒྱལ་བ་ཀརྨ་པ་མཆོག་ལ་དོགས་གཞི་ནི་གཞི་རྟེན་མེད་སྐོར།

རྒྱ་གར་གྱི་གསར་འགོད་པ་ཚོས་༸གོང་ས་མཆོག་ལ་རྒྱལ་བ་ཀརྨ་པའི་བླ་བྲང་ནས་ཕྱག་དངུལ་འཕོན་ཆེ་ཐོན་པའི་གནད་དོན་སྐོར་བཀའ་འདྲི།

2011.01.31

༄༅༎ཉེ་ཆར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་པས་རྒྱལ་བ་ཀརྨ་པའི་བླ་བྲང་བསྔོག་བཤེར་བྱས་པ་དང༌། བྲ་བྲང་གི་དངུལ་གྱི་ཡོང་ཁུངས་ཐོག་ལ་དོགས་གཞི་ཡོད་ལུགས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་འགྲེམས་སྤེལ་བྱས་པ་དེ་ཚོ་གཞི་རྟེན་མེད་པའི་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ཡིན་སྐོར་ཁ་ས་ཕྱི་ཚེས་༣༠ཉིན་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་རྒྱུད་སྟོད་གྲྭ་ཚང་དུ་ཀརྨ་པ་རིན་པོ་ཆེའི་བླ་བྲང་གི་འབྲེལ་མཐུད་པ་མགོན་པོ་ཚེ་རིང་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་རེད།

དེ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་བེངྒ་ལོར་ནང་ཆིབས་བསྒྱུར་བསྐྱངས་སྐབས། རྒྱ་གར་གྱི་གསར་འགོད་པ་ཚོས་རྒྱལ་བ་ཀརྨ་པའི་བླ་བྲང་ནས་ཕྱག་དངུལ་འཕོན་ཆེ་ཐོན་པའི་གནད་དོན་སྐོར་བཀའ་འདྲི་ཞུ་སྐབས། ༧གོང་ས་མཆོག་གིས་འཛམ་གླིང་གི་ཡུལ་གྲུ་ཁག་མང་པོའི་ནང་ཀརྨ་པར་དད་པ་ཞུ་མཁན་དང་སློབ་མ་མང་པོ་ཡོད་པ་དང་། དེ་ཚོའི་གྲས་སུ་རྒྱ་ནག་སྐམ་ས་ཆེན་པོ་ནས་ཀྱང་དད་པ་ཞུ་མཁན་ཡོད་པར་བརྟེན། དད་ལྡན་པ་ཚོས་ ཀརྨ་པ་མཇལ་ཁ་ཞུ་བར་ཡོང་སྐབས་དད་རྟེན་གྱི་ཚུལ་དུ་ཕྱག་དངུལ་ཕུལ་ཡོད་པ་དེ་ཚོ་ཉར་ཚགས་ཀྱི་འགྲོ་ལུགས་མ་ཤེས་པའི་དབང་གིས་བྱུང་སྲིད་པ་ཞིག་ཡིན་པ་དང༌། ཀརྨ་པ་མཆོག་གིས་ཐེབས་རྩ་ཞིག་གསར་འཛུགས་གནང་ནས་ཞལ་འདེབས་དེ་ཚོ་ཐེབས་རྩ་དེའི་ནང་འཇོག་ཐབས་གནང་ན་འགྲིག་རྒྱུ་ཡིན་སྐོར་བཀའ་གནང་འདུག།

གོང་ཞུས་རྒྱུད་སྟོད་དགོན་པར་གསར་འགོད་གསལ་བསྒྲགས་གནང་སྐབས་བླ་བྲང་གི་སྐྱེ་སྤྲུལ་ངོས་འཛིན་ལག་བསྟར་པ་སྐྱོ་བྲག་དགའ་དབང་ལགས་ཀྱིས་རྒྱལ་བ་ཀརྨ་པ་མཆོག་རྒྱ་མིས་བེད་སྤྱོད་འོག་ཚུད་མ་གནང་བ་དང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་དབང་ལུང་ཁྲིད་གསུམ་ཞུ་རྒྱུའི་ཆེད་དུ་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པ་དང༌། དེ་ཡང་རྡ་རམ་ས་ལར་ཞུགས་དགོས་པའི་རྒྱུ་མཚན་འགྲེལ་བཤད་གནང་བཞག། ཕྱོགས་མཚུངས་བླ་བྲང་གི་དཔལ་འབྱོར་ཡོང་ཁུངས་ཐད་ འཛམ་གླིང་ས་ཕྱོགས་གང་ས་ནས་དད་ལྡན་མི་མང་མང་པོ་ཞིག་ཀརྨ་པ་མཇལ་བར་བཅར་མཁན་ཡོད་པ་ཚོས་དངུལ་རིགས་འདྲ་མིན་ཕུལ་ཡོད་པ་དེ་ཚོ་ཉར་ཚག་ཐད་༢༠༠༡- -༢༠༠༢རིང་ཕྱག་མཛོད་དྲུང་ཡིག་བསྟན་འཛིན་ལགས་སྐབས་ནས་རྒྱ་གར་གཞུང་ནས་ཆོག་མཆན་ཞུ་ཐབས་གནང་ཡོད་ཀྱང་ད་བར་དོན་འབྲས་མ་སོན་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་ལུགས་སྐྱོ་བྲག་དགའ་དབང་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྐབས་འགྲེལ་བཤད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎