རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་གསུང་གླེང༌།
2008.12.04
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་སྤྱི་མཐུན་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལངས་ཕྱོགས་མཁྲེགས་ཙམ་འཛིན་དགོས་ལུགས་བཀའ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཅེཀ་སྤྱི་མཐུན་རྒྱལ་ཁབ་དུ་འཚམས་གཟིགས་གྲུབ་གནང་བའི་རྗེས་སུ་འདི་ཚེས་གཉིས་ཉིན་ནས་སྦེལ་ཇེམ་ཁུལ་ཆིབས་བསྒྱུར་བསྐྱངས་གནང་ཡོད་པས་མ་ཟད་ཁུལ་དེའི་སྲིད་བློན་མཆོག་ཀྱང་མཇལ་འཕྲད་གནང་ཡོད་འདུག
ཡང་དེ་རིང་རེས་གཟའ་ཕུར་བུའི་ཉིན་སྦི་སྦི་སི་གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན་༸གོང་ས་མཆོག་ནས་དེ་རིང་ཡུ་རོབ་གྲོས་ཚོགས་ནང་གསུངས་བཤད་གནང་རྒྱུའི་ནང་རྒྱ་ནག་གཞུང་དང་མཉམ་ཡུ་རོབ་སྤྱི་མཐུན་ཁོངས་ཀྱི་རྒྱལ་ཁབ་ཚོས་འབྲེལ་ལམ་ཡག་པོ་གནང་དགོས་རྒྱུ་གལ་འགངས་ཆེན་པོ་རེ་ལ་གནང་དགོས་ཀྱི་རེད། འོན་ཀྱང་དེ་དང་ཆབས་ཅིག་རྒྱ་ནག་མི་མང་ཚོར་ཡང་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང༌།ཁྲིམས་ལུགས་ཚད་དང་ལྡན་པ་ཞིག་ངེས་པར་དུ་དགོས་ངེས་ཅན་ཞིག་ཡིན་དུས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ངེས་པར་དུ་རྒྱ་ནག་གཞུང་ལ་མ་འགྲིགས་པ་རྣམས་ཐད་ཀར་གསུངས་དགོས་རྒྱུ་དེ་ཡང་ཧ་ཅང་གལ་འགངས་ཆེན་པོ་རེད།
དེས་རྒྱ་ནག་མི་མང་ཚོའི་ཕུགས་རྒྱང་རིང་པོར་ཕན་ཐོགས་ཡོད་པ་ཞིག་ཀྱང་རེད་ཅེས་བཀའ་གནང་རྒྱུ་ཡིན་ཞེས་གསུངས་འདུག དེ་དང་ཕྱོགས་མཚུངས་༸གོང་ས་མཆོག་ནས་རྒྱ་ནག་མི་མང་ཚོར་ཐུགས་ཡིད་ཆེས་བརླག་མེད་པར་བརྟེན་རིང་མིན་རྒྱ་མི་རིགས་ཀྱི་མཁས་དབང་དང་དོན་གཉེར་ཅན་མང་པོ་ཞིག་མཇལ་འཕྲད་རིམ་པས་གནང་འཆར་ཡོད་ཅེས་བཀའ་གནང་འདུག