བོད་རྒྱའི་གྲོས་མོལ་མཛའ་འབྲེལ་གྱི་རྣམ་པའི་ཐོག་ནས་གནང་བ།
2008.05.10
༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ རྒྱ་ནག་དང་གྲོས་མོལ་མཛའ་འབྲེལ་གྱི་རྣམ་པའི་ཐོག་ནས་གནང་ཡོད་ལུགས་གསུངས་གནང་ཡོད་འདུག
༧གོང་ས་མཆོག་འདི་ཟླའི་༡༦ནས་ཉིན་བཞིའི་རིང་ ཇཱར་མེ་ཎིར་ཞབས་སོར་མ་འཁོད་གོང་ཡུལ་དེའི་གསར་ཤོག རྡར་ཤིཔི་གཱལ་ ཞེས་པའི་དྲྭ་རྒྱས་བཅར་འདྲི་ཞུས་པའི་ནང་ ༧གོང་ས་མཆོག་གིས་ཟླ་བ་འདིའི་ནང་འགོ་བཙུགས་གནང་བའི་གྲོས་མོལ་སྐབས་ཕྱོགས་གཉིས་ཀས་དྲག་རྩུབ་མ་ཡིན་པར་ཞི་འཇམ་གྱི་ཁོར་ཡུག་བསྐྲུན་ཡོད་ལུགས་གསུངས་ཡོད་པ་ལུང་འདྲེན་བྱས་འདུག ད་ལམ་ཕྱི་ཟླ་གསུམ་པའི་ནང་བོད་ནང་རྒྱ་ནག་ལ་ངོ་རྒོལ་ལ་དྲག་གནོན་བྱས་པར་རྒྱལ་སྤྱིིའི་ཐོག་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་ཤུགས་རྐྱེན་དང་ ཕྱི་ཟླ་བརྒྱད་པའི་ནང་ཨོ་ལིམ་པིཀ་རྩེད་འགྲན་ལ་མི་གནོད་པའི་ཆེད་ རྒྱ་ནག་གཞུང་གིས་གྲོས་མོལ་བསྐྱར་གསོ་མ་གནང་རང་གནང་ཆགས་ཡོད་ལུགས་༧གོང་ས་མཆོག་གིས་གསུངས་གནང་འདུག ཡང་༧གོང་ས་མཆོག་གིས་གྲོས་མོལ་རྗེས་མའི་ཆེད་འཆར་གཞི་བརྟན་པོ་བཟོས་གནང་ཡོད་ལུགས་གསུངས་པ་དང་སྦྲགས་ གྲོས་མོལ་མིང་ཙམ་མ་ཡིན་པ་དོན་འབྲས་སོན་པ་ཞིག་ཡོང་བའི་ཆེད་དུ་རང་དབང་ཅན་གྱི་སྤྱི་ཚོགས་ཀུན་གྱིས་རྒྱ་ནག་གཞུང་ལ་ཤུགས་རྐྱེན་སྤྲོད་དགོས་པའི་འབོད་སྐུལ་ཞུས་གནང་འདུག རྒྱ་ནག་གཞུང་མཐའ་མ་བོད་ཀྱི་དཀའ་རྙོག་ཁས་ལེན་གནང་ཡོད་པ་ལྟར་ སླད་ཕྱིན་ཆད་ནས་གྲོས་མོལ་གནང་བ་དེ་དག་གསང་བ་མ་ཡིན་པར་ ཕྱི་གསལ་ནང་གསལ་གནང་དགོས་ལུགས་༧གོང་ས་མཆོག་གིས་གསུངས་ཡོད་འདུག།