༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་གནང་རྒྱུ།

ཨ་རིའི་སྲིད་འཛིན་མཆོག་ནས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ལ་འགྱུར་བ་མེད་སྐོར།

2010.02.03

༄༅༎རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་ཨ་རིའི་སྲིད་འཛིན་མཆོག་ནས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ལ་འགྱུར་བ་གང་ཡང་མེད་པའི་སྐོར་ནན་བརྗོད་གནང་ཡོད་པའི་གནས་ཚུལ་ཐོན་འདུག

རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་མའ་ཀྲའོ་ཤུ་ཡིས་ཨ་རིའི་སྲིད་འཛིན་མཆོག་གི་ཏ་ལའི་བླ་མ་ལྷན་དང་མཇལ་འཕྲད་གནང་རྒྱུར་རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལུགས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རིམ་ལ་དོ་ཕོག་གི་ཤུགས་རྐྱེན་མི་ཡོངས་བའི་སླད་རྣོ་ངར་ཆེ་བའི་བོད་ཀྱི་གནད་དོན་ཐད་ལ་ཨ་རི་གཞུང་གིས་རྒྱ་ནག་ལ་ཕོག་ཐུག་མི་ཡོང་བའི་དོག་ཟོན་གནང་དགོས་པའི་སྐོར་བསྐྱར་དུ་སྐུལ་མ་བཏང་ཡོད་པ་རེད་

ཡིན་ན་ཡང་ཁ་ས་ཨ་རིའི་སྲིད་འཛིན་ལས་ཁང་གི་མགྲིན་ཚབ་པ་སྦིལ་སྦར་ཀྲེན་གྱིས་ཨ་རིའི་སྲིད་འཛིན་མཆོག་གི་༸གོང་ས་༸ཏ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་རྒྱུར་འགྱུར་བ་གང་ཡང་མེད་པའི་སྐོར་གསལ་འདོན་གནང་ཡོད་པ་རེད་ ཁོང་གིས་གསུངས་ན་ སྲིད་འཛིན་ཨོ་སྦ་མ་མཆོག་གིས་༸གོང་ས་༸ཏ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་རྩིས་ཡོད་པ་དེ་སྔ་ལོ་སྲིད་འཛིན་མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་སྐབས་རྒྱ་ནག་གི་དཔོན་རིགས་ཚོར་གསལ་སྟོན་གནང་ཡོད་པ་དང་ དེ་གཞིར་བཟུང་མཇལ་འཕྲད་གནང་རྒྱུ་ཡིན་པའི་སྐོར་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་བཞག་  སྲིད་འཛིན་གྱི་མགྲིན་པས་མུ་མཐུད་གསུངས་དོན་དུ་ ༸གོང་ས་༸ཏ་ལའི་བླ་མ་མཆོག་ནི་ཆོས་ཕྱོགས་དང་རིགས་གཞུང་གི་ཐད་ནས་རྒྱལ་སྤྱིའི་ཐོག་གུས་བརྩི་ལྡན་པའི་དབུ་ཁྲིད་ཅིག་ཡིན་ཞིང་ སྲིད་འཛིན་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་དེ་ཡང་མཚན་གནད་དེའི་ཐོག་ནས་མཇལ་འཕྲད་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་༡༧ཉིན་ནས་བཟུང་ཨ་རིའི་ནང་ཉིན་གྲངས་བཅུའི་རིང་ཆིབས་བསྒྱུར་གནང་རྒྱུ་ཡིན་ཞིང་ཚེས་༡༧ནས་༡༩བར་རྒྱལ་ས་ལྦ་ཤིང་ཀྲོན་ཏུ་ཆིབས་བསྒྱུར་ཕེབས་གཏན་འཁེལ་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎