༸གོང་ས་མཆོག་ཕི་ལ་དྲེལ་ཕི་ཡར་ཆིབས་བསྒྱུར་གནང་འཆར།
2008.07.16
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཛད་འཆར་གཞིར་བཟུང་ཟླ་བ་འདིའི་ཚེས་བཅུ་ནས་ཚེས་བཅོ་ལྔ་བར་ཨ་མི་རི་ཀའི་ཤར་ཕྱོགས་པེན་སེལ་ལྦི་ནི་ཡ་མངའ་སྡེའི་སྦེཏ་ལ་ཧེམ་གྲོང་ཁྱེར་གྱི་ལི་ཧཡི་གཙུག་ལག་སློབ་གཉེར་ཁང་དུ་ལམ་རིམ་ཆེན་མོའི་བཀའ་འཁྲིད་གནང་བ་དང༌། ཚེས་ ༡༣ ཉིན་མང་ཚོགས་ལ་སེམས་རྒྱུད་བཟང་པོ་སྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་ཡོད་པ་རེད། ལམ་རིམ་ཆེན་མོའི་བཀའ་འཁྲིད་ཞུ་མཁན་ཉིན་ལྟར་མི་གྲངས་བཞི་སྟོང་ཙམ་དང་། མང་ཚོགས་ལ་གསུངས་བཤད་གནང་བའི་སྐབས་མི་གྲངས་ལྔ་སྟོང་ཙམ་ཆེད་བཅར་ཞུས་ཡོད་པ་དང༌། མི་མང་པོ་ཞིག་༸གོང་ས་མཆོག་གི་ཞལ་མཇལ་གསུངས་ཐོས་པ་ཐོག་མ་དེ་ཡང་ཡིན་འདུག་ཀྱང་དེ་དག་གི་སེམས་ནང་གུས་བརྩི་དང་དགའ་སྒོམ་གྱི་ཚོར་སྣང་ཆེན་པོ་སྐྱེས་ཡོད་ལུགས་དགོངས་ཚུལ་གསུངས་མཁན་ཡོད་འདུག། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མང་ཚོགས་ལ་གསུངས་བཤད་གནང་བའི་ནང་དོན་ཐོག་མང་ཚོགས་ནས་སོ་སོའི་མི་ཚེའི་ནང་གི་མྱོང་ཚོར་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པའི་ཆ་ནས་དམིགས་བསལ་དོ་སྣང་དང༌། གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་ཆིབས་བསྒྱུར་གྱི་མཛད་འཕྲིན་སྐོར་ཉིན་ལྟར་དྲིལ་བསྒྲགས་རྒྱ་ཆེན་པོ་བྱུང་ཡོད་པ་རེད།
ཁུལ་དེའི་མཛད་འཆར་ཁག་ལེགས་པར་གྲུབ་གནང་ནས་དེ་རིང་ཚེས་བཅུ་དྲུག་ཉིན་ཉེ་འཁྲིས་སུ་ཆགས་པའི་ཕི་ལ་དྲེལ་ཕི་ཡའི་ཁུལ་ཆིབས་བསྒྱུར་གྱིས་ཁུལ་དེའི་ནང་ཡོད་པའི་སོག་པོའི་རིགས་དང་། ཀལ་མི་ཀའི་མི་རིགས་སྟོང་ཕྲག་གཉིས་ལྷག་ཙམ་དང༌། བོད་རིགས་བཅས་པར་མཇལ་ཁ་དང་། དུས་རབས་ཉི་ཤུ་རྩ་གཅིག་པའི་འདིའི་ནང༌། ནང་པའི་ཆོས་དར་སྤེལ་གཏོང་ཕྱོགས་ཀྱི་འབྲེལ་བའི་སྐོར་གསུངས་བཤད་གནང་གི་ཡོད་པ་བཅས་ཉིན་ཕྱེད་ཀྱི་མཛད་རིམ་གྲུབ་པའི་རྗེས་སུ་གྲོང་ཁྱེར་ནིའུ་ཡོག་དང༌། དེ་ནས་རིམ་བཞིན་ཚེས་བཅུ་བརྒྱད་ཉིན་མེ་དྲི་སེན་གྲོང་ཁྱེར་དུ་བྱང་ཨ་མི་རི་ཀའི་ཁུལ་གནས་སྡོད་བོད་མི་ཚོས་བརྟན་བཞུགས་བསྟར་འབུལ་དང༌། ཆོས་འབྲེལ་གྱི་མཛད་འཆར་ཡོད་པ་རེད།