༸གོང་ས་མཆོག་གིས་ཞི་བའི་དུས་སྟོན་དབུ་འབྱེད་གནང་རྒྱུ།
2010.10.01
༄༅༎རིང་མིན་ཕྱི་ཟླ་༡༠པའི་ཚེས་༡༠ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་ཚོགས་རྒྱུའི་ཞི་བདེའི་དུས་སྟོན་ཞིག་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་བསྐྱང་གནང་གི་ཡོད་པའི་སྐོར་རེས་གཟའ་ཕུར་བུའི་ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག
དེ་ཡང་ཞི་བདེའི་དུས་སྟོན་དེ་ནི། རྒྱ་གར་གྱི་མངའ་སྡེ་མ་ཧྰ་ར་ཤིཀྲའི་གྲོང་ཁྱེར་པུ་ནེ་ནང་དུ་ཡོད་པའི་ཏི་ཇེ་གྱན་ཞེས་པའི་ཚོགས་པ་དེ་ཡིས་གོ་སྒྲིག་གནང་གི་ཡོད་པ་དང༌། ཚོགས་པ་དེ་ཡིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ཕྱི་ཟླ་༡༠པའི་ཚེས་༡༠ཉིན་གྲོང་ཁྱེར་པུ་ནེ་དུ་ཞི་བའི་དུས་སྟོན་དེའི་མཛད་སྒོ་དབུ་འབྱེད་གནང་རྒྱུ་ཡིན་པ་རེད།
ཏེ་ཇི་གྱན་ཞེས་པའི་ཚོགས་པ་དེ་ཡིས། འདི་ལོའི་ཞི་བདེའི་དུས་སྟོན་གོ་སྒྲིག་གནང་བ་དེ་ནི། ཚོགས་པ་དེ་ཡིས་འཛམ་གླིང་ནང་ཞི་བདེའི་ལས་འགུལ་རིམ་པ་སྤེལ་བའི་ནང་གི་རྣམ་གྲངས་ཤིག་ཡིན་པ་དང༌། ལྷག་པར་དུ་དེ་ཉིན་ཚོགས་པ་དེ་ཡིས་གོ་སྒྲིག་གནང་སྟེ་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་༥༠ཙམ་གྱི་ནང་ཞི་བདེའི་ཉིན་མོ་ཞེས་པ་དུས་གཅིག་ཏུ་སྲུང་བརྩི་ཞུ་རྒྱུའི་འཆར་གཞི་ཡོད་པ་རེད། ལས་རིམ་དེ་ནི། ཕྱི་ཟླ་༡༠པའི་ཚེས་༡༠སྔ་དྲོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེའི་ཉིན་མོའི་མཛད་སྒོ་དབུ་འབྱེད་གནང་རྒྱུ་དང༌། དེ་རྗེས་༧གོང་ས་མཆོག་གིས་ཚོགས་ཞུགས་བ་མི་གྲངས་འབུམ་གཅིག་ཙམ་ལ་འཛམ་གླིང་སྤྱིར་ཞི་བདེ་སྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུའི་མཛད་འཆར་ཡོད་པ་དང༌། དབུ་འབྱེད་ཀྱི་མཛད་སྒོའི་ལས་རིམ་རྣམས་ཐད་ཀར་བརྙན་འཕྲིན་བརྒྱུད་ནས་གཟིགས་ཐུབ་པའི་ཆ་རྐྱེན་ཡང་སྐྲུན་རྒྱུ་ཡིན་པ་རེད།