དབྱིན་ཡུལ་གྱི་སྲིད་བློན་དང་༸གོང་ས་མཆོག་གི་མཇལ་འཕྲད།
2008.05.13
༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟའ་འཁོར་རྗེས་མར་དབྱིན་ཡུལ་དུ་ཆིབས་བསྒྱུར་གནང་སྐབས་དབྱིན་ཇིའི་གྲོས་ཚོགས་ཐོག་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གསུང་བཤད་གནང་རྒྱུ་མ་ཟད། དབྱིན་ཇིའི་སྲིད་བློན་ གོར་ཌེན་སྦ་རའོན་ མཆོག་དང་མཇལ་འཕྲད་གནང་གི་ཡོད་པ་རེད།
དེ་ཡང་སྲིད་བློན་ གོར་ཌེན་སྦ་རའོན་ མཆོག་གི་མགྲིན་ཚབ་པ་ མའེ་ཁེལ་ཨི་ལཱམ་ གྱིས་གསུང་པར། སྲིད་བློན་གོར་ཌེན་སྦ་རའོན་དང་༧གོང་ས་ཏཱ་ལའི་བླ་མ་རྣམ་གཉིས་ཟླ་བ་འདིའི་ཕྱི་ཚེས་༢༣ ཉིན་མཇལ་འཕྲད་གནང་གི་ཡོད་པ་དང། ཡིན་ནའང་མཇལ་འཕྲད་དེ་ནི་སྲིད་བློན་གྱི་ལས་ཁུངས་ནང་མ་ཡིན་པར་དབྱིན་ཡུལ་གྱི་ཡེ་ཤུའི་ཆོས་དཔོན་གྱི་ཕོ་བྲང་དུ་མཇལ་འཕྲད་གནང་གི་ཡོད་པའི་སྐོར་གསུང་པ་དང། འོན་ཀྱང་མཇལ་འཕྲད་གནང་ཡུལ་གྱི་ས་གནས་འདེམས་ཀ་བྱེད་ཕྱོགས་དེ་ནི་རྒྱ་ནག་གཞུང་གི་གནོན་ཤུགས་ལས་གཡོལ་ཐབས་བྱས་པ་ཞིག་ཡིན་མིན་སྐོར་འགྲེལ་བརྗོད་གང་ཡང་གནང་མེད་པ་རེད། དབྱིན་ཡུལ་གྱི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་ད་རེས་སྲིད་བློན་ གོར་ཌེན་སྦ་རའོན་ མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྲིད་བློན་གྱི་ལས་ཁུངས་ནང་མཇལ་འཕྲད་གནང་རྒྱུ་མིན་པའི་ཐག་གཅོད་དེར་སྐྱོན་བརྗོད་ཞུ་གི་ཡོད་ཅིང། དེ་ཡང་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ ནིག་ཁེ་ལེག གིས་ཨེ་པི་གསར་འགྱུར་ལས་ཁང་ལ་གསུང་པར། སྲིད་བློན་གོར་ཌེན་སྦ་རའོན་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ཁོང་ཚོའི་ཆོས་དཔོན་གྱི་ཕོ་བྲང་དུ་མཇལ་འཕྲད་གནང་གི་ཡིན་པ་གསུང་པ་དེ་ནི་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མཐུན་འགྱུར་སྐྲུན་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅིང། དེར་བརྟེན་སྲིད་བློན་མཆོག་གིས་དེང་སྐབས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་ཐོག་ངེས་པར་དུ་ལངས་ཕྱོགས་བརྟན་པོའི་བརྡ་ལན་གསལ་པོ་སྤྲོད་དགོས་པ་མ་ཟད། རྒྱ་ནག་གཞུང་གི་གནོན་ཤུགས་ལ་མཐུན་འགྱུར་སྐྲུན་པ་ལས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་ཡོང་ཐབས་ཐད་དོ་སྣང་ཆེ་བ་གནང་རྒྱུའི་རྒྱ་ནག་ཐོག་གི་ལངས་ཕྱོགས་བརྟན་པོ་འཛིན་རྒྱུ་འདེམས་ཀ་བྱེད་དགོས་ཀྱི་རེད་ཅེས་གསུང་ཡོད་པ་རེད།