ཨ་རིའི་མངའ་སྡེ་ཧའ་ཝེ་ནང་༧གོང་ས་མཆོག་གི་མཛད་འཆར།
2012.04.13
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཞི་པའི་ཚེས་༡༣་རེས་གཟའ་པ་སངས་ཉིན་ཨ་མི་རི་ཀའི་མངའ་སྡེ་ཧ་ལྦ་ཨི་རུ་ཐོག་མར་ཆིབས་བསྒྱུར་བསྐྱང་སྟེ། རེས་གཟའ་སྤེན་པ་ནས་དེའི་ཁུལ་དུ་འཆམ་མཐུན་དང་ཞི་བདེའི་ཐོག་ལ་བཀའ་སློབ་གནང་རྒྱུའི་མཛད་འཆར་དང༌། དེ་རྗེས་ལྷོ་ཀེ་ལི་ཕོར་ནི་ཡའི་མཚོ་ཁའི་གྲོང་ཁྱེར་སེན་ཌིཡེ་གོ་དུ་ཆིབས་བསྒྱུར་གྱི་མཛད་འཆར་ཡོད་པ་རེད།
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྲ་རྒྱའི་ཐོག་ཚོང་ལས་གཉེར་མཁན་ཨེ་སྦེ་(eBay)ཚོང་ལས་ཁང་དང༌། ཧ་ལྦ་ཨི་སྤྱི་ཚོགས་ཐེབས་རྩ་ཁང་གསར་འཛུགས་གནང་མཁན་སྐུ་ཞབས་པིཡེར་ཨོ་མིརྡ་ཡར་ དང་ཁོང་གི་སྐུ་ཟླ་པེའེམ་བཅས་ནས་གདན་ཞུའི་གསོལ་འདེབས་ཞུས་དོན་བཞིན། ཕྱི་ཚེས་༡༤ ཉིན་ཧ་ལྦ་ཨི་མངའ་སྡེའི་གཙུག་ལག་སློབ་གྲའི་ནང། དེའི་ཁུལ་གྱི་སློབ་འབྲིང་གི་སློབ་མ་དང་མཐོ་སློབ་ཀྱི་སློབ་ཕྲུག་རྣམས་ལ་སེམས་བཟང་གོང་འཕེལ་གཏོང་ཐབས་དང༌། ལྷག་དོན་ཉིན་རེའི་འཚོ་བའི་ནང་འཆམ་མཐུན་དང༌། སྙིང་རུས་བྱེད་སྟངས། འགོག་རྐྱེན་ལ་གདོང་ལེན་བྱ་ཐབས་སྐོར་བཀའ་སློབ་སྩལ་རྒྱུ་མ་ཟད། ཧ་ལྦ་ཨི་མི་རིགས་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་ལྟི་གནས་ཁག་ཏུ་གཟིགས་ཞིབ་ཏུ་ཞབས་སོར་འཁོད་རྒྱུ་ཡིན་པ་རེད། ཕྱི་ཚེས་༡༥ ཉིན་སྔ་ དྲོ་ཧ་ལྦ་ཨི་མི་རིགས་ཀྱི་འགོ་ཁྲིད་ཁག་གི་ལྷན་དུ་དེང་རབས་ཅན་གྱི་དུས་སྐབས་དེའི་ནང་མི་རིགས་རང་ཉིད་ཀྱི་རིག་རྩལ་གལ་འགངས་ཆེན་པོ་ཇི་ལྟར་ཡིན་པའི་སྐོར་ལ་བགྲོ་གླེང་གནང་རྒྱུ་ཡིན་ཞིང༌། བགྲོ་གླེང་དེའི་ཐོག་གདན་ཞུའི་མི་སྣ་ཁོ་ན་མཉམ་ཞུགས་གནང་གི་ཡོད་པ་རེད། ད་དུང་ཉིན་དེའི་ཕྱོ་དྲོའི་ཕྱག་ཚོད་དང་པོ་དང་སྐར་མ་༤༥ ཐོག་མི་དམངས་ལ་ཞི་བདེའི་སྐོར་བཀའ་སློབ་སྩལ་རྒྱུ་དང༌། དེ་རྗེས་ཨ་རིའི་མངའ་སྡེ་ཀེ་ལི་ཕོར་ནི་ཡའི་གྲོང་ཁྱེར་སེན་ཌི་ཡེ་གོ་དུ་ཆིབས་བསྒྱུར་གྱིས་ཕྱི་ཚེས་༡༨ ཀྱི་སྔ་དྲོའི་ཕྱག་ཚོད་༩ དང༌ཕྱེད་ཀའི་ཐོག་ཀེ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲའི་ནང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་དང་འགྲོ་བ་མིའི་བསམ་པའི་འདུ་ཤེས་དང་བྱམས་བརྩེ། སྤྱི་ཚོགས་ཀྱི་འགན་འཁུར་ལེན་སྟངས་ཐོག་བཀའ་སློབ་གནང་རྒྱུའི་མཛད་འཆར་དང༌། ཉིན་རྒྱབ་ཏུ་མང་ཚོགས་ལ་སེམས་རྒྱུད་དུ་ཞི་བདེ་དང་དྲང་བདེན་གྱི་ས་བོན་སྐྲུན་ཐབས་སྐོར་བཀའ་སློབ་སྕལ་རྒྱུ། ཕྱི་ཚེས་༡༩ ཉིན་འགྲན་རྩོད་ཆེ་བའི་དུས་སྐབས་དེའི་ནང་བྱམས་བརྩེ་དང་ཀུན་སྤྱོད་བཟང་པོ་གོང་འཕེལ་གཏོང་ཐབས་སྐོར་ལ་བཀའ་སློབ་སྕལ་རྒྱུ་ཡིན་ཞིང༌། ད་རེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཞི་པའི་ཚེས་༡༤ ནས་ཚེས་༡༩ བར་ཨ་རིའི་མངའ་སྡེ་ཧ་ལྦ་ཨི་དང་གྲོང་ཁྱེར་སེན་ཌི་ཡེ་གོ་ནང་གི་ཉིན་རེའི་མཛད་འཆར་ཁག་ཐད་ཀར་དྲ་རྒྱའི་ཐོག་རྒྱང་བསྲིང་གནང་གི་ཡོད་པ་རེད།