༧གོང་ས་མཆོག་གིས་ནང་པའི་ཚོགས་ཆེན་དུ་གསུང་བཤད་སྩལ་རྒྱུ།
2011.11.30
༄༅༎རྒྱ་ནག་གིས་གནོན་ཤུགས་ཇི་ཙམ་སྤྲོད་མིན་ལ་མ་ལྟོས་པར། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྐོང་ཚོགས་གནང་བའི་འཛམ་གླིང་ནང་པའི་ཚོགས་ཆེན་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཀའ་སློབ་གསུངས་བཤད་གནང་གི་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གོང་ཞུས་ཚོགས་ཆེན་དེའི་ཐོག་ཆིབས་བསྒྱུར་གནང་ཞོར། རེས་གཟའ་པ་སངས་ཉིན་ཤྲི་སཏ་ཡ་སའེ་ཚོགས་ཁང་ཆེན་མོའི་ནང་༧གོང་ས་མཆོག་ལ་རྒྱ་གར་ནང་གི་སྙན་གྲགས་ཆེ་བའི་རྡ་ཡ་ལྦ་ཏི་མོ་ཌི་གཟེངས་རྟགས་འབུལ་ལམ་ཞུ་རྒྱུ་ཡིན་ཞིང༌། ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོ་ཞི་བདེ་དང་ཟོད་སྒོམ། སྤྱི་ཚོགས་དྲང་བདེན་བཅས་ཀྱི་གཞི་ཡུལ་ཐོག་སྐུ་ངལ་ཆེན་པོ་སྐྱོན་པའི་མཛད་རྗེས་ལ་ཆེ་བསྟོད་ཞུ་ཕྱིར་གཟེངས་རྟགས་དེ་འབུལ་ལམ་ཞུ་གི་ཡོད་པ་རེད།
དེ་ནས་རེས་གཟའ་སྤེན་པའི་ཉིན་རྒྱལ་ས་ལྡི་ལིའི་ནང་གི་ཨིན་ཌི་ཡ་ཧེ་སྦི་ཀྲེཀྲ་བསྟི་གནས་ཁང་དུ་༧གོང་ས་མཆོག་གིས་ བདེ་སྐྱིད་སྐོར་མང་ཚོགས་ལ་གསུང་བཤད་སྩལ་གནང་མཛད་རྒྱུ་ཡིན་པ་དང༌། ལྡི་ལིའི་ནང་གི་མཛད་འཆར་ཁག་བསྒྲུབས་མཚམས་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཧུན་སུར་གཞིས་ཆགས་སུ་ཆིབས་ཁ་བསྒྱུར་གནང་མཛད་སྟེ། ཕྱི་ཟླ་༡༢པའི་ཚེས་༥དང་༦གཉིས་ལ་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་༧པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་རིམ་པ་ལྔ་པའི་འབྲེལ་བའི་བཀའ་ཁྲིད་སྩལ་གནང་མཛད་ཀྱི་ཡོད་པ་རེད།
འཛམ་གླིང་ནང་པའི་ཚོགས་ཆེན་དེ་བཞིན་རེས་གཟའ་ཉི་མའི་ཉིན་དབུ་འཛུགས་གནང་ཡོད་ཅིང༌། ཚོགས་ཆེན་དེའི་ཐོག་འཛམ་གླིང་རྒྱལ་ཁབ་༣༢ནས་ནང་ཆོས་མཁས་པ་དང་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་དང་ཡིད་ཆེས་ཞུ་མཁན་ཚོགས་བཅར་བ་མང་པོ་ཕེབས་ཡོད་པ་མ་ཟད། དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོར་རྗེ་མཆོག་ཀྱིས་ཚོགས་ཆེན་གྱི་ཉིན་གཉིས་པའི་སྐབས་སུ་གསུང་བཤད་གནང་ཡོད་པ་དང༌། ཁོར་ཡུག་དང་འཛམ་གླིང་ལ་ནང་ཆོས་ནས་ལྟ་སྟངས་ཞེས་པའི་བརྗོད་གཞི་སྐོར་གྱི་ཉིན་གཅིག་གི་ལྷན་ཚོགས་གཙོ་སྐྱོང་གནང་ཡོད་ཅིང༌། རྒྱལ་བ་ཀརྨ་པ་མཆོག་གིས་ དེང་སྐབས་འཛམ་གླིང་ནང་ཁོར་ཡུག་གི་དཀའ་ངལ་ཆེན་པོ་ཡོད་པ་དེ་ཚོ་མིས་བཟོས་པའི་དཀའ་ངལ་ཡིན་སྟབས། རང་ཤེད་ཆེ་བའི་འགྲོ་བ་མིའི་རིགས་ཀྱི་བསམ་བློ་གཏོང་སྟངས་ལ་འགྱུར་བ་འགྲོ་རྒྱུར་རང་བཞིན་ཁོར་ཡུག་དང་མིའི་དབར་གྱི་རྟེན་འབྱུང་གྱི་འབྲེལ་བ་གོ་ཚོད་པ་བྱེད་དགོས་རྒྱུའི་བཀའ་སློབ་ནན་པོ་གནང་འདུག།