བསྟན་འགྱུར་བོད་སྐད་ནས་སྐད་ཡིག་གཞན་ཐོག་ཕབ་བསྒྱུར།
2011.01.10
༄༅༎ལྦ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཟླ་བ་འདིའི་ཚེས་༨ནས་༡༡བར་ཉིན་གྲངས་བཞིའི་རིང་བསྟན་འགྱུར་བོད་སྐད་ནས་སྐད་ཡིག་གཞན་ཐོག་ཕབ་སྒྱུར་ཞུ་རྒྱུའི་ཚོགས་ཆེན་ཞིག་གནང་བཞིན་འདུག། རྒྱ་གར་གྱི་པཎ་གྲུབ་༡༧གཙོ་བོར་གྱུར་བའི་རྒྱ་གར་ནང་པའི་གཙུག་ལག་སློབ་གྲྭ་ཆེན་མོ་དཔལ་ན་ལཎྜ་དང་བིཀ་ཀ་མ་ཤི་ལ་སོགས་ལོ་པཎ་དང་མཁན་ཆེན་༧༠༠ལྷག་གིས་རྒྱལ་བའི་བཀའི་དགོངས་པ་བཀྲལ་བའི་བསྟན་འགྱུར་གྱི་གཞུང་ཆེན་མོ་ལེགས་སྦྱར་ནས་བོད་ཡིག་ཏུ་ཕབ་སྒྱུར་ཞུས་པར་གཞི་བཅོལ་ཏེ་ལེགས་སྦྱར་དང་དབྱིན་སྐད། རྒྱ་སྐད། ཧིན་སྐད་སོགས་ནང་ཕབ་སྒྱུར་ཞུ་རྒྱུའི་ལས་གཞི་དང་འབྲེལ་བའི་ཚོགས་ཆེན་ཐོག་སང་ཉིན་ཕྱི་ཚེས་༡༡ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་རེད།
བསྟན་འགྱུར་ཕབ་སྒྱུར་གྱི་ལས་འཆར་དང་འབྲེལ་བའི་ཚོགས་ཆེན་དེ་བཞིན་ལོ་མང་རིང་ནས་མཁས་དབང་མང་པོ་ཞིག་དང་རྫོང་སར་མཁྱེན་བརྩེའི་ཐེབས་རྩ་ཁང་སོགས་ཀྱིས་འབད་བརྩོན་གནང་བའི་གྲུབ་འབྲས་ལས་བྱུང་བ་ཞིག་རེད་འདུག་ལ། ཚོགས་ཆེན་འདི་ལྦ་ཎར་མ་འཚོགས་སྔོན་ཨ་རིའི་སྦོལ་ཌར་ས་གནས་དང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སྦིར་བཅས་ས་གནས་སོ་སོའི་ནང་ལོ་རྩྭ་བའི་ཚོགས་ཆེན་ཁག་གཉིས་ཚོགས་གནང་ཡོད་པ་རེད།
ད་རེས་བསྟན་འགྱུར་བོད་སྐད་ནས་སྐད་ཡིག་གཞན་ཐོག་ཕབ་སྒྱུར་ཞུ་རྒྱུའི་ལྷན་ཚོགས་དེ་བཞིན་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཨ་རིའི་ཀོ་ལམ་སྦི་ཡ་གཙུག་ལག་སློབ་གཉེར་ཁང་གི་ནང་ཆོས་ཚན་པ་གཉིས་ཟུང་འབྲེལ་ཐོག་ནས་གོ་སྒྲིག་གནང་བ་ཞིག་རེད་འདུག་ལ། ལྷན་ཚོགས་དེའི་ཐོག་ཨ་རི་དང་ཀེ་ན་ཌ། ཕ་རེན་སི། སུད་སི། ཌེན་མརཀ་དང་ཨུ་རུ་སུ། ཐེ་ལྦན་དང་ཉི་ཧོང་། བལ་ཡུལ་བཅས་ནས་འཐུས་མི་མང་པོ་མཉམ་ཞུགས་གནང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གནང་བཞག།