༸གོང་ས་མཆོག་གི་རྒྱལ་ས་ལྡི་ལིའི་ནང་གི་མཛད་འཆར།

༸གོང་ས་མཆོག་ནས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུའི་ཐོག་མཇུག་བསྡོམས་གསུངས་བཤད་སྩལ་རྒྱུ་ཡིན་པ་རེད།

2009.11.19

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་ལྡི་ལིར་ཚོགས་རྒྱུའི་གལ་ཆེའི་ལྷན་ཚོགས་ཤིག་ཐོག་ཆིབས་བསྒྱུར་གཙོས་པའི་མཛད་འཕྲིན་དུ་མ་བསྐྱང་གནང་མཛད་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་གཞུང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་སྤེལ་བའི་གསར་འགོད་གསལ་བསྒྲགས་གནང་གསལ་ལྟར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ཉི་ཤུའི་སྔ་དྲོ་ཨི་ཊ་ལི་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱང་སྟེ་དེ་ཉིན་དགོང་དྲོ་ཤྲི་ཕོཏ་ཞེས་སྙན་གྲགས་ཅན་གྱི་ཚོགས་ཁང་དུ་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་དང་དེ་ནས་ཚེས་ཉི་ཤུ་གཅིག་ཉིན་མེཀསི་ཧེལ་ཐི་ཁེར་ཞེས་པའི་སྨན་ཁང་གི་ཡན་ལག་སྨན་ཁང་ཞིག་དབུ་འབྱེད་གནང་རྒྱུ་ཡིན་པ་རེད། དེ་ནས་ཉིན་རྒྱབ་ལྡི་ལི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ་ལྡི་ལི་མཐོ་སློབ་དང་ལྦར་ན་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གྲྭ་གཉིས་ཀྱི་ཐུན་མོང་གོ་སྒྲིག་འོག་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུའི་ཐོག་༸གོང་ས་མཆོག་ཆིབས་བསྒྱུར་གནང་སྟེ་མཇུག་བསྡོམས་གསུངས་བཤད་སྩལ་རྒྱུ་ཡིན་པ་རེད། ཉིན་གྲངས་གསུམ་སྐོང་ཚོགས་གནང་རྒྱུའི་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་སྐོར་གྱི་ལྷན་ཚོགས་འདིའི་ཐོག་རྒྱལ་སྤྱིའི་ཡུལ་གྲུ་གང་ས་ནས་བོད་དོན་མཁས་དབང་བཞི་བཅུ་ལྷག་ལྷན་བཅར་གནང་སྟེ་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་གཏིང་ཟབ་དང་ཕྱི་ཕྱོགས་ལ་ཤུགས་རྐྱེན་གྱི་ཁྱབ་ཚད་སྐོར་གྲོས་བསྡུར་དང་བགྲོ་གླེང་གནང་རྒྱུ་ཡིན་པ་རེད། དེ་ནས་ཚེས་ཉི་ཤུ་གཉིས་ཉིན་ཧིནརྡ་ས་ལྦ་རཇ་འམ་རྒྱ་གར་རང་བཙན་ཞེས་མེས་པོ་དམ་པ་གྷན་རྡི་རྗེས་དྲན་གྱི་རྒྱལ་སྤྱིའི་ཚོགས་འདུ་ཞིག་གི་ཐོག་༸གོང་ས་མཆོག་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་དང་ཡང་ཚེས་ཉི་ཤུ་གསུམ་གྱི་སྔ་དྲོ་༸གོང་ས་མཆོག་ནས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་ཐོག་ཧི་མ་ལ་ཡའི་ཁུལ་ནས་ཕེབས་པའི་བློ་ཆེན་རྣམས་ཀྱི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་བཅས་མཛད་འཆར་གསལ་བསྒྲགས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎