༸གོང་ས་མཆོག་ཉི་ཧོང་ནང་གི་ས་ཡོམ་ཕོག་ཡུལ་དུ་ཆིབས་བསྒྱུར།
2011.11.05
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ཟླ་གསུམ་པའི་ནང་ས་ཡོམ་དང་ཚུ་ནཱ་མི་མཚོ་རླབས་ཀྱི་གོད་ཆགས་ཚབས་ཆེ་ཕོག་ཡུལ་ཉེ་ཧོང་གི་གྲོང་ཁྱེར་སན་རྡཡི་རུ་ཞབས་སོར་འཁོད་གནང་མཛད་སྐབས་ཁུལ་དེའི་མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཞུས་ཤིང་། ས་ཁུལ་འདི་གཅིག་པུའི་ནང་མི་བཞི་སྟོང་ལྷག་མཚོ་རླབས་ཀྱིས་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་ ཀུ་ཤོ་ཇི་ནང་པའི་དགོན་པའི་ནང་འདས་པོ་རྣམས་དང་། འདས་བཤུལ་ནང་མི་ཚོའི་ཆེད་མཆོད་འབུལ་བསྔོ་སྨོན་གསོལ་འདེབས་དང་ འཕགས་པ་ཤེས་རབ་སྙིང་པོའི་མདོ་གསུངས་གནང་མཛད་ཅིང་། སྐབས་དེར་མང་ཚོགས་ཁྱོན་ཆེ་ཞིག་འདུ་འཛོམས་བྱུང་ཡོད་པ་དེའི་ཐོག་བཀའ་སློབ་གསུང་བཤད་གནང་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་རང་འདིར་ཡོང་དོན་གཙོ་བོ་ནི་ཁྱེད་ཚོ་གོད་ཆགས་ཀྱི་རང་བཞིན་འདི་འདྲ་ཞིག་གི་གནས་བཞིན་པའི་སྐབས་འདིར། ངའི་ངོས་ནས་གདུང་སེམས་མཉམ་བསྐྱེད་ཡོད་པ་སྟོན་ཆེད་ཡིན་ཞེས་དང་། འདི་ལོ་ཕྱི་ཟླ་གསུམ་པའི་ནང་ངས་ཐོག་མར་གནས་ཚུལ་འདི་གསར་འགྱུར་བརྒྱུད་ལམ་གྱི་ཐོག་ནས་ཤེས་རྟོགས་སྐབས། བློ་ཕམ་ཚད་མེད་བྱུང་ལ་གོད་ཆགས་ཕོག་པའི་ས་ཁུལ་འདིར་ཁྱེད་ཚོར་སེམས་གསོའི་ཆེད་འགྲོ་རྒྱུའི་འཆར་གཞི་བྱས་པ་བཞིན། ད་ཆ་དངོས་སུ་འདིར་སླེབས་ཐུབ་པར་ཧ་ཅང་གི་དགའ་པོ་བྱུང་ཞེས་བཀའ་གནང་ཡོད་པ་རེད།
ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གོད་ཆགས་ཕོག་ཡུལ་གྱི་ས་ཁུལ་དུ་ཞབས་སོར་འཁོད་སྐབས་ཕེབས་ལམ་དུ་ཁང་པ་གཞིགས་རལ་དུ་སོང་བ་སོགས་གོད་ཆག་ཀྱི་རང་བཞིན་ཧ་ལས་པའི་ཆེན་པོ་དེ་དག་གཟིགས་སྐབས་ཐུགས་ཕམ་དང་། སྤྱན་ཆབ་འཁྲུངས་པ་བཀའ་གནང་ཞིང་། འོན་ཀྱང་ཉེ་ཧོང་མི་དམངས་ཀྱི་སེམས་ཤུགས་གོང་མཐོར་གཏོང་ཆེད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཉེ་ཧོང་མི་དམངས་ཀྱི་སེམས་ཤུགས་དང་གདེང་སྤོབས་ལ་བརྟེན་ནས་རང་གི་ཡུལ་གྲུ་འདི་ཧ་ལས་པའི་འཛུགས་བསྐྲུན་ཡར་རྒྱས་ཆེན་པོ་བཏང་ཐུབ་པ་བྱུང་ཡོད་པ་ལྟར། ད་ལྟ་འཕྲད་བཞིན་པའི་རྐྱེན་ངན་པ་དེ་ཡང་གྲོགས་སུ་འགྱུར་ཐབས་ཀྱི་ཉེ་ཧོང་གི་ཡུལ་གྲུ་སྤྱི་དང་ལྷག་པར་དུ་རང་འབྱུང་གི་གོད་ཆགས་ཕོག་ཡུལ་གྱི་ས་ཁུལ་དེ་དག་སྔར་ལྷག་ཡར་རྒྱས་གཏང་ཐུབ་རྒྱུར་སླར་ཡང་གདེང་སྤོབས་དང་། ཧུར་བསྐྱེད་བྱེད་དགོས་སྐོར་བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ད་ལྟའི་ཉག་ཁྲའི་དུས་ཚོད་འདི་ནི་ཉེ་ཧོང་མི་དམངས་ཚོ་སེམས་ཤུགས་ཆགས་པ་དང་ ཉམས་དམའ་པོར་སྡོད་པའི་དུས་ཚོད་ཅིག་མིན་པར་ཚང་མས་འཛམ་གླིང་སྤྱི་ལ་མིག་དཔེ་མཚོན་པའི་ལས་ཀ་ཞིག་བྱེད་པའི་དུས་ཚོད་ཅིག་ཡིན་པ་བཀའ་གནང་འདུག།