༸གོང་ས་མཆོག་ནས་ལྦ་ར་ན་སིར་གསུང་ཆོས།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྦ་ར་ན་སིར་དད་ལྡན་ཆོས་ཞུ་བ་མི་གྲངས་ཁྲི་གསུམ་ལྷག་བརྒལ་བར་གསུང་ཆོས་སྩལ་བ།

2011.01.14

༄༅༎བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༢ནས་དབུ་ཚུགས་སྟེ་གནས་མཆོག་ལྦ་ར་ན་སིའི་བོད་ཀྱི་མཐོ་སློབ་ཀྱི་གསུང་ཆོས་ར་བའི་ནང་བཞུགས་བཞག་གསུམ་རིང་དད་ལྡན་ཆོས་ཞུ་བ་མི་གྲངས་ཁྲི་གསུམ་ལྷག་བརྒལ་བ་རྣམས་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང་ སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་མའི་ཆོས་འབྲེལ་དབུ་འཛུགས་བཀའ་དྲིན་ཆེ་སྩལ་ཡོད་ཅིང་ གསུང་ཆོས་ཞུ་བར་བཅར་མཁན་ཆོས་ཞུ་བ་ཁྲི་གསུམ་ལྷག་ཙམ་ནང་ནས་ མི་གྲངས་ཆིག་སྟོང་བརྒྱད་བརྒྱ་ལྷག་ཙམ་བོད་ནས་ཕེབས་པ་ཡིན་ཞིང་ དེ་མིན་མི་གྲངས་དྲུག་སྟོང་ལྷག་ཧི་མ་ལ་ཡའི་རི་བརྒྱུད་མི་རིགས་དང་ དེ་མིན་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་ཆོས་ཞུ་བ་ཡིན་པ་རེད་ ༧གོང་ས་མཆོག་ནས་གསུང་ཆོས་དབུ་འཛུགས་མ་གནང་སྔོན་བཀའ་སློབ་སྩལ་ཡོད་པའི་ནང་ གཙོ་བོ་སོ་སོ་རང་ཉིད་ཀྱིས་དེ་རིང་ཆོས་འབྲེལ་ཐོབ་པ་དེ་རྒྱུན་དུ་དཔེ་ཆ་འདི་ཡང་ཡང་ཀློག་སྟེ་ཐོག་མར་བླ་མས་འགྲེལ་བཤད་བརྒྱབ་པའི་ཐོས་བྱུང་གི་ཤེས་རབ་གཅིག་བསྐྱེད་པ་དེར་ཡང་ཡང་སོ་སོས་བསམ་བློ་བཏང་དཔྱད་པ་བྱས་ཏེ་ ངེས་པ་རྙེད་པའི་ཐོག་ནས་དེ་ལ་ཉམས་ལེན་བྱེད་རྒྱུའི་དང་དོད་སླེབས་སྟེ་ ཉམས་ལེན་བྱེད་རྒྱུའི་འགོ་བཙུགས་ནས་དམ་དོན་གྱིས་ཉམས་ལེན་བྱས་པ་དེས་སོ་སོའི་སེམས་ནང་བྲོ་བ་སླེབས་སྐབས་བརྩོན་འགྲུས་དང་ནུས་པ་གོང་ནས་གོང་དུ་འཕེལ་རྒྱུ་ཞིག་ཡོང་གི་རེད་ཅེས་དང་ ཡང་༧གོང་ས་མཆོག་ནས་དཔེར་ན་ལྷ་བྲིས་པ་རྣམས་ལ་དགེ་རྒན་གྱིས་འགྲེལ་བཤད་བརྒྱབ་པ་དེ་ཉན་ནས་དེ་འདྲ་ཡིན་བསམ་པ་ཞིག་གིས་གོ་བ་ཆགས་པས་ཕན་གྱི་མེད་པས་སོ་སོས་འབྲི་ཤེས་པ་ཞིག་དགོས་པ་ལྟར་ནང་དོན་རིག་པའི་དཔེ་ཆ་དེ་དག་ཀྱང་འགྲེལ་བཤད་བརྒྱད་ཡོད་པ་དེ་དག་སོ་སོའི་སེམས་ནང་ངེས་པ་བྱས་ཏེ་རིམ་པས་སོ་སོའི་རྒྱུད་ལ་དེའི་དོན་ལྟར་བློ་བསྐྱེད་ཐུབ་པ་ཞིག་བྱེད་དགོས་ ང་ཚོ་ཚང་མ་བདེ་བ་འདོད་ཀྱང་བློ་མ་འདུལ་བའི་དབང་གིས་ག་དུས་ཡིན་རུང་མ་སྐྱིད་པ་ཡོང་གི་ཡོད་པ་དེ་བསྒྱུར་བཅོས་གཏོང་རྒྱུའི་དོན་དག་ཅིག་ཡིན་ ང་ཚོའི་སྤྱི་ཚོགས་དང་འཛམ་གླིང་ཤར་ནུབ་ཡིན་ནའང་འདྲ་ གང་དུ་བལྟས་ཀྱང་མི་གང་ཞིག་སེམས་རྒྱུད་འདུལ་པོ་ཡོད་མཁན་དང་གཞན་ཕན་གྱི་བློ་ཡོད་མཁན་ཞིག་ཡིན་ན་ སོ་སོ་དབུལ་ཕྱུག་གང་ཡིན་རུང་སྐྱིད་པོའི་ངང་སྡོད་ཀྱི་ཡོད་ དེ་བཞིན་ལུང་པའི་འགོ་འཁྲིད་གཅིག་ཡིན་ནའང་ག་ཚོད་ཀྱིས་གཞན་ཕན་གྱི་བློ་ཡོད་པ་དང་ ལྷག་བསམ་རྣམ་དག་གཅིག་ཡིན་ན་ ལུང་པར་ཕན་པ་ཙམ་མ་ཟད་མི་མང་གིས་ཀྱང་ཡིད་ཆེས་བློས་འགེལ་བྱེད་ཀྱི་རེད་ དེར་བརྟེན་སེམས་པ་བཟང་པོ་བྱེད་རྒྱུ་དེ་སོ་སོའི་བདེ་སྐྱིད་ཀྱི་རྩ་བར་ཐུག་ཡོད་སོགས་བཀའ་སློབ་བཀའ་དྲིན་སྩལ་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎