༸གོང་ས་མཆོག་ལ་ལྷོ་ཨཕ་རི་ཀར་ཆིབས་བསྒྱུར་གདན་ཞུ་ཕུལ་བ།
2011.09.05
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨཕ་རི་ཀའི་ནང་ཆིབས་བསྒྱུར་གནང་རྒྱུའི་གདན་ཞུ་ཕུལ་ཡོད་པ་ལྟར། ཡུལ་དེའི་སྲིད་གཞུང་ནས་མཐོང་མཆན་སྙན་ཞུའི་ལན་ད་ལྟ་འབྱོར་མེད་པ་རེད།
ལྷོ་ཨཕ་རི་ཀའི་ཆོས་དཔོན་ཌེསི་མེན་ཀྲུ་ཀྲུ་མཆོག་དགུང་གྲངས་༨༠ལ་ཕེབས་པའི་འཁྲུང་སྐར་རྟེན་འབྲེལ་དགའ་སྟོན་ཞིག་རིང་མིན་ཕྱི་ཟླ་༡༠པའི་ཚེས་༧ཉིན་གྲོང་ཁྱེར་ཁེཔ་ཀྲའོན་(Cape Town)དུ་གནང་འཆར་ཡོད་པ་དེའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་གནང་ཡོང་བའི་གསོལ་འདེབས་འབོད་སྐུལ་ཞུས་ཡོད་པ་རེད། དེ་དང་སྟབས་བསྟུན་༸གོང་ས་མཆོག་ལ་བདག་ཉིད་ཆེན་པོ་གྷན་དྷིའི་མཚན་ཐོག་ཡོད་པའི་མཱ་ཧཏ་མ་གན་རྡི་རྒྱལ་སྤྱིའི་གཟེངས་རྟགས་ཐེངས་༩པ་དེ་འབུལ་ལམ་ཞུ་གི་ཡོད་པ་རེད།
གོང་ཞུས་གཟེངས་རྟགས་དེ་བཞིན་འཛམ་གླིང་ཁྱོན་ཡོངས་སུ་མང་ཚོགས་ལ་སེམས་འགུལ་ཐེབས་པའི་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་མི་སྣ་ཚོར་འབུལ་གྱི་ཡོད་པ་དང༌། གཟེངས་རྟགས་དེ་ལྷོ་ཨཕ་རི་ཀའི་གྲོང་ཁྱེར་ཌར་སྦན་ནང་ཡོད་པའི་གན་རྡི་ཡར་རྒྱས་ཐེབ་རྩ་ཁང་གིས་གོ་སྒྲིག་གནང་འདུག། འོན་ཀྱང་ད་ལྟའི་འཆར་༸གོང་ས་མཆོག་ལྷོ་ཨཕ་རི་ཀར་ཕེབས་ཆོག་པའི་མཐོང་མཆན་ཕྱག་འཁྱེར་ཕྱག་སོན་མ་བྱུང་བར་ངང་སྒུག་གནང་བཞིན་ཡོད་པ་རེད།
ལྷོ་ཨཕ་རི་ཀའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཨེ་ལི་ཛ་སྦེཐ་གེ་ལྦུདྲ་ཡིས་༸གོང་ས་མཆོག་གི་ཆིབས་བསྒྱུར་གོ་སྒྲིག་ཞུ་ཡག་ལ་ཟླ་བ་མང་པོ་འགོར་གྱི་ཡོད་པ་དང༌། མི་མང་པོ་ཞིག་གིས་ལས་འགན་འཁྱེར་ནས་རེ་བ་ཆེན་པོ་ཞུ་གི་ཡོག་རེད། ༸གོང་ས་མཆོག་ནི་འགྲོ་བ་མིའི་བདེ་རྩར་གཟིགས་གནང་མཁན་གྱི་སྐྱེ་ཆེན་དམ་པ་ཞིག་ཡིན་དུས། ང་ཚོའི་རྒྱལ་ཁབ་ཀྱིས་སྔོན་ཚུད་ཆ་རྐྱེན་གང་ཡང་མ་བཏོན་པའི་ཐོག་ནས་༸གོང་ས་མཆོག་ལ་ཕེབས་བསུ་ཞུས་པ་ཡིན་ན་དེ་ནི་རྣམ་འགྱུར་བཟང་པོ་ཞིག་ལ་ངོས་འཛིན་ཞུ་རྒྱུ་ཡིན་ཅེས་འགྲེལ་བརྗོད་གནང་བཞག།