༸གོང་ས་མཆོག་ནས་ཧེ་ཊི་ལ་ཐུགས་གསོའི་གསུང་འཕྲིན།
2010.01.16
༄༅༎ཕྱི་ལོ་༢༠༡༠ཟླ་༡ཚེས་༡༢ཉིན་བྱང་ཨ་རིའི་གླིང་ཆེན་གྱི་ཁོངས་གཏོགས་ཧེ་ཊི་ནང་ས་ཡོམ་ཤུགས་ཆེ་བརྒྱབ་པ་དེར་༸གོང་ས་མཆོག་གིས་ཧེ་ཊེའི་སྲིད་འཛིན་མཚན་ཐོག་གཞུང་མང་གཉིས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་འདུག
བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་བཀོད་པ་ལྟར་གསུང་འཕྲིན་བསྩལ་བའི་ནང་
༄༅། དཔལ་ལྡན་མི་རྗེ་མཆོག་ རེས་གཟའ་མིག་དམར་ཉིན་རྒྱལ་ས་Port-au-Princeནང་ས་ཡོམ་བརྒྱབ་པར་བརྟེན་མི་མང་པོའི་ཚེ་སྲོག་ཤོར་བ་དང་རྒྱུ་དངོས་ཕོན་ཆེ་ཞིག་ལ་གོད་ཆགས་ཆེན་པོ་བྱུང་བར་ངོས་རང་བློ་ཕམ་ཆེན་པོ་བྱུང་། ངོས་ཀྱི་ཤེས་ཚོད་ལ་ད་རེས་ས་ཡོམ་དེ་ཧེ་ཊིའི་ལོ་རྒྱུས་ཐོག་ལོ་ངོ་༢༠༠ཙམ་གྱི་ནང་བྱུང་བའི་ས་ཡོམ་ཚབས་ཆེ་ཤོས་དེ་ཡིན་འདུག ས་ཡོམ་གྱི་གོད་ཆགས་ཕོག་པའི་རྗེས་ཤུལ་ཁྱིམ་ཚང་གི་ནང་མི་ཚོར་ངོས་ཀྱིས་སྙིང་ཐག་པ་ནས་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། རང་འབྱུང་གི་འཇིག་པ་དེའི་ནང་རྐྱེན་འདས་སུ་ཕྱིན་པ་རྣམས་དང་རྗེས་ཤུལ་ནང་མིས་གཙོས་གོད་ཆགས་ཕོག་པ་རྣམས་ལ་བསྔོ་སྨོན་དང་བཅས་ཏ་ལའི་བླ་མས། ཞེས་འཁོད་འདུག
ཧེ་ཊེ་ནང་མྱུང་མཐར་མི་གྲངས་ལྔ་ཁྲི་བརྒལ་བའི་ཚེ་སྲོག་ཤོར་ཡོད་པའི་ཚོད་དཔག་གནང་གི་ཡོདཔ་དང་རྒྱལ་སྤྱིའི་ཁྱོན་ཡོངས་ནང་ཛ་དྲག་རོགས་སྐྱོབ་ལས་དོན་གནང་བཞིན་པ་རེད༎