བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐོག་ཐག་ཆོད།

དམིགས་བསལ་ཚོགས་ཆེན་ཐོག་༸གོང་ས་མཆོག་བོད་མིའི་དབུ་འཁྲིད་ཡིན་པ་དང་དབུ་མའི་ལམ་ཐོག་མུ་མཐུད་ནས་བསྐྱོད་རྒྱུའི་ཐག་ཆོད་བྱུང་བ།

2008.11.23

༄༅༎བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཞིས་བྱེད་བོད་མིའི་དབུ་འཁྲིད་རྩོད་མེད་ཡིན་པ་དང་ལམ་དབུ་མའི་སྲིད་བྱུས་ཐོག་མུ་མཐུད་ནས་བསྐྱོད་རྒྱུའི་ཐག་ཆོད་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་བཞུགས་སྒར་རྡ་རམ་ས་ལར་ཉེ་ཆར་བཙན་བྱོལ་བོད་མིའི་སྐུ་ཚབ་ལྔ་བརྒྱ་ལྷག་ཙམ་དང་བོད་ནང་ཡོད་པའི་བོད་མི་སྟོང་ཕྲག་འགའ་ཤས་ཀྱི་དགོངས་ཚུལ་བསྡུ་ལེན་བྱས་པའི་ཕྱོགས་བསྡོམས་ཀྱི་མཐའ་མའི་རྒྱབ་གཉེར་སྙན་ཐོ་ཞེས་པ་ཞིག་བཏོན་གནང་བའི་ནང་།

༡།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་གཞིས་བྱེད་གཉིས་ཀའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་ལ་རྩོད་མེད་དང་ལོ་ངོ་བརྒྱ་ཕྲག་མང་པོ་བརྒྱུད་པའི་བོད་གཞིས་བྱེད་གཉིས་ཀྱི་ཁྲིམས་མཐུན་གྱི་གཞུང་ངོ་མ་ནི་བཙན་བྱོལ་བོད་གཞུང་ཉག་ཅིག་ཡིན་ནའང་ཉེ་ལམ་རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་བོད་དང་བོད་མི་མང་གི་སྐུ་ཚབ་བྱེད་པའི་དབང་ཆ་མེད་ལུགས་ཧམ་བཤད་བྱས་འདུག་པར་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ནས་ངོ་རྒོལ་མཐའ་ཅིག་ཏུ་ཡོད་ཅེས་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱེད་བགྲེས་ཡོལ་དང་བགྲེས་ཡོལ་དུ་བཞུགས་བཞེད་ཀྱི་བཀའ་སློབ་གསུངས་ཕྱོགས་ཟུར་ཙམ་ཡང་མེད་པར་བོད་ཆོས་སྲིད་གཉིས་ཀྱི་འགག་རྩའི་ཐུགས་འགན་མུ་མཐུད་སྐྱོང་བཞེས་ཡོང་བ་ཞེས་འཁོད་ཡོད་པ་རེད།

༢།བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དང་སྲིད་བྱུས་ནི་ཚོགས་ཆེན་འདིར་བོད་གཞིས་བྱེས་གཉིས་ནས་བསམ་ཤོག་ཕུལ་འབྱོར་དང་ཚོགས་བཅར་བ་ཡོངས་ཀྱིས་བགྲོ་གླེང་སྦྱང་བཤད་ལྷུག་པོ་བྱུང་བའི་ནང་འབྱུང་འགྱུར་བོད་ཀྱི་སྲིད་བྱུས་འཛིན་ཕྱོགས་ཐད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་དུས་ནས་དུས་སུ་སྲིད་བྱུས་ལམ་སྟོན་ཅི་བསྩལ་ལ་ཤར་སྐྱོད་བྱ་རྒྱུར་སྤྱི་མོས་དང་མུ་མཐུད་ནས་ལམ་དབུ་མའི་ལམ་དུ་བསྐྱོད་རྒྱུར་མང་མོས།ལྷག་པར་དུ་འདས་པའི་རྒྱ་ནག་གཞུང་གི་བྱེད་བབ་ལ་གཞིགས་ཏེ་ད་ཡོད་འབྲེལ་མོལ་སྐུ་ཚབ་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་དང་དུས་ཐུང་ནང་གྲུབ་འབྲས་མ་སོན་ཚེ་རང་བཙན་དང་རང་ཐག་རང་གཅོད་རྩོད་ལེན་གྱི་སྲིད་བྱུས་འཛིན་དགོས་པའི་བསམ་ཚུལ་ཡང་ཤུགས་ཆེ་བྱུང༌།ལྷག་པར་དུ་དབུ་མའི་ལམ་དང་རང་བཙན།རང་ཐག་རང་གཅོད་སོགས་བོད་མིའི་འཐབ་རྩོད་ཀྱི་ལམ་ཕྱོགས་གང་དུ་བསྐྱོད་ཀྱང་དམིགས་ཡུལ་སྒྲུབ་བྱེད་ཀྱི་ཐབས་ལམ་ནི་མཐའ་ཅིག་ཏུ་འཚེ་མེད་ཞི་བའི་ལམ་ཁོ་ན་མུ་མཐུད་བསྟེན་རྒྱུའི་ཐག་ཆོད་ལག་ལྟར་བྱ་རྒྱུ།

༣།རྒྱ་ནག་གཞུང་གི་སྲིད་གཞུང་དང་མི་མང་སྐོར་དང་ཡང་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ཡར་རྒྱས་ཚགས་ཚུད་གཏོང་ཐབས་སོགས་ཀྱི་གནད་དོན་སྐོར་ཡང་བཀོད་ཡོད་པ་མཐའ་དོན་ད་བར་བོད་དོན་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་མཁན་ཚོར་དམིགས་བསལ་ཚོགས་ཆེན་བརྒྱུད་ཐུགས་རྗེ་ཆེ་ཞུས་གནང་བ་སོགས་རྒྱབ་གཉེར་སྙན་ཐོ་དེའི་ནང་བཀོད་ཡོད་པ་རེད། ཚོགས་ཆེན་གྲུབ་པའི་རྗེས་ཚོགས་བཅར་བ་ཚོར་དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་བཀའ་སློབ་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎