ཨ་རིའི་སྲིད་འཛིན་ནས་བོད་རྒྱ་གྲོས་མོལ་གནང་རྒྱུར་རྒྱབ་སྐྱོར།
2010.02.19
༄༅༎ཁ་ས་རེས་གཟའ་ཕུར་བུའི་ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་སྦ་མ་རྣམ་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གྲུབ་པའི་རྗེས་༸གོང་ས་མཆོག་གིས་ཕོ་བྲང་དཀར་པོའི་ཕྱི་ཕྱོགས་སུ་གསར་འགོད་པ་འདུ་འཛོམས་ཐོག་ལ་རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་ནི་ཕྲུ་གུའི་བྱེད་སྟངས་ལྟ་བུ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
རེས་གཟའ་ཕུར་བུའི་སྔ་དྲོ་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་འཛིན་ཨོ་སྦ་མ་མཇལ་འཕྲད་གནང་བའི་སྐབས་སྲིད་འཛིན་ཨོ་སྦ་མ་མཆོག་གིས། བོད་མི་རིགས་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་གཅེས་འཛིན་དང་སྲུང་སྐྱོབ། བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱབ་སྐྱོར་གནང་རྒྱུ། དེ་བཞིན་ བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཆེད་དུ་རྒྱ་ནག་གཞུང་གི་ལྷན་དུ་གྲོས་མལ་གནང་རྒྱུའི་དགོངས་གཞིར་རྒྱབ་སྐྱོར་དང་སྐུལ་དེད་གནང་ཡོད་པ་དང་༸གོང་ས་མཆོག་དང་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གྲུབ་པའི་རྗེས་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་དང་མཇལ་འཕྲད་གནང་ཡོད་པ་རེད། དེ་རྗེས་ཕོ་བྲང་དཀར་པོའི་ཕྱི་ཕྱོགས་སུ་སྒུག་སྡོད་བྱེད་བཞིན་པའི་གསར་འགོད་པ་ཚོར། ༸གོང་ས་མཆོག་གིས་ཞལ་ཤོབ་དང་སྦྲགས་ད་རེས་ཉེ་ཆར་ཨ་མི་རི་ཀའི་ཤར་ཕྱོགས་ཁུལ་དུ་ཁ་བ་ཆེན་པོ་འབབ་ཏེ་རྒྱལ་སའི་ཁུལ་དུ་ད་དུང་ཡང་ཁ་བ་མ་བཞུར་བར་གངས་རི་ལྟར་གནས་ཡོད་པ་དེ་ནས་ཁ་བ་ཕྲན་དུ་ཕྱག་ཏུ་བཞེས་ཏེ་ཁོང་ཚོའི་མདུན་དུ་གཏོར་གནང་བ་དང་དེ་རྗེས་གསར་འགོད་པ་ཚོར་བཀའ་གནང་དོན་ལ། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ནི་ཕྲུ་གུའི་བྱེད་སྟངས་ལྟ་བུ་ཡིན་པ་དང་༸གོང་ས་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཆེད་དུ་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་མཉམ་གནས་གནང་རྒྱུའི་དགོངས་གཞིར་ཁས་ལེན་བྱེད་ཀྱི་མེད་པའི་བཀའ་གནང་བ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་ད་རེས་༸གོང་ས་མཆོག་དང་སྲིད་འཛིན་ཨོ་སྦ་མ་རྣམ་གཉིས་ཀྱི་མཇལ་འཕྲད་དེར་མི་དགའ་བའི་རྣམ་འགྱུར་བཏོན་རྒྱུ་ཡིན་པའི་སྔོན་དཔག་གནང་བའི་སྐོར་དང་གང་ལྟར་བོད་དོན་བདེན་མཐའ་མ་སེལ་གྱི་བར་དུ་བོད་མི་ཚོའི་ངོས་ནས་ཀྱང་དུས་ནམ་ཡང་བོད་ཀྱི་རྩ་དོན་བློས་གཏོང་རྒྱུ་མིན་པར་དང་བོད་དོན་འཐབ་རྩོད་མུ་མཐུད་རྒྱུན་འཁྱོངས་བྱེད་ཀྱི་རེད་ཅེས་བཀའ་གནང་ཡོད་པ་རེད།