རང་བསྲེག་བྱེད་་དགོས་པའི་རྒྱུ་རྐྱེན་འཚོལ་ཞིབ་བྱེད་དགོས།
2012.04.17
༄༅༎རེས་གཟའ་ཟླ་བའི་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་ཧ་ལྦ་ཨི་མམངའ་སྡེའི་ནང་མཛད་འཕྲིན་སྐྱང་བའི་སྐབས། བོད་ནང་དུ་བོད་མི་༣༠ལྷག་གིས་རང་ལུས་མེར་བསྲེག་གཏོང་དགོས་པའི་ངོ་ཐོག་གི་རྒྱུ་རྐྱེན་ཇི་ཡིན་རྒྱ་ནག་གཞུང་གིས་ངེས་པར་དུ་འཚོལ་ཞིབ་བྱ་དགོས་ཀྱི་རེད་ཅེས་བཀའ་གནང་ཡོད་པ་རེད།
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མངའ་སྡེ་ཧ་ལྦ་ཨི་དུ་ཕྱི་ཟླ་བཞི་པའི་ཚེས་༡༣ རེས་གཟའ་པ་སངས་ནས་ཕྱི་ཚེས་༡༦ རེས་གཟའ་ཟླ་བ་བར་ཉིན་གྲངས་བཞིའི་རིང་ཞི་བདེ་དང་འཆམ་མཐུན་ཐོག་ལ་བཀའ་སློབ་སྕལ་རྒྱུ་སོགས་མཛད་འཕྲིན་ཁག་བསྐྱངས་ཏེ། རེས་གཟའ་ཟླ་བའི་ཉིན་མཛད་འཆར་མཐའ་མ་གྲུབ་པའི་སྐབས་གསར་འགོད་ལྷན་ཚོགས་ཐོག་ལ་བཀའ་གནང་དོན་། བོད་ནང་དུ་བོད་མི་ཚོས་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་ངོ་མ་ཇི་ཡིན་རྒྱ་ནག་གཞུང་གིས་ཞིབ་འཇུག་བྱེད་དགོས་པའི་དུས་ལ་བབ་འདུག རང་ལུས་མེ་བསྲེག་བཏང་བ་ནི་ཧ་ཅང་གི་ཡིད་སྐྱོ་དགོས་པའི་གནས་སྟངས་ཤིག་ཡིན་ཞིང༌། ཡིན་ནའང་དོན་རྐྱེན་དེ་ལྟ་བུ་བྱུང་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མེད་ཀྱི་གནས་ཚུལ་ངོ་མ་ཤེས་རྟོགས་ཐུབ་པ་བྱ་དགོས་པ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་རེད། བོད་ནང་དུ་བོད་མི་ཚོས་༡༩༨༩ ལོར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་པར་བརྟེན་ནས་༨༩ ལོ་ནས་བོད་ནང་གི་བོད་མི་ཚོས་དཀའ་སྡུག་མྱོང་བའི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་དང༌། དེ་རྗེས་༡༩༩༠ གོ་གྲངས་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེས་བོད་ཀྱི་མཐོ་རིམ་སློབ་གྲའི་ནང་བོད་ཀྱི་སྐད་ཡིག་སློབ་ཁྲིད་བཀག་འགོག་བྱས་པ་མ་ཟད། དམིགས་བསལ་༢༠༠༨ ལོར་བོད་གི་གནས་སྟངས་དེ་བས་ཛ་དྲག་ཏུ་ཕྱིན་ཏེ། བོད་མི་བརྒྱ་གྲངས་མང་པོ་འདས་གྲོངས་སུ་ཕྱིན་པདང༌། གར་སོང་ཆ་མེད་གྱུར་བའི་ཁར། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་དང༌། བཙུན་དགོན། ནང་ཆོས་བསླབ་པ་སློབ་གཉེར་ཁག་ནང་ཆབ་སྲིད་ཀྱི་སློབ་གསོ་ཟེར་བ་ལས་འགུལ་སྤེལ་ཡོད། ནང་ཆོས་སློབ་གཉེར་ནི། བོད་ཀྱི་སྐད་ཡིག་ཐོག་ནས་གོ་དོན་མང་བ་རྟོགས་ཐུབ་པས་རྒྱ་ཡིག་ཐོག་ནས་མིན་པ་གསལ་པོ་ཡིན་ཞིང༌། འོན་ཀྱང་རྒྱ་ནག་གཞུང་གི་བསམ་བློའི་ནང༌། བོད་མིའི་རིག་གཞུང་དང་སྐད་ཡིག་ཐོག་ལ་དྲག་གནོན་དང་དམ་བསྒྲཌ་བྱ་རྒྱུ་ཁོ་ན་ལས་བསམ་རྒྱུ་མེད། ད་ཆ་བོད་ནང་གི་གནས་སྟངས་ནི་རིག་གནས་གསར་བརྗེ་ཟེར་བ་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད། བོད་ནང་དུ་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་ཐོག་མ་དེ་༢༠༠༩ ལོར་བྱུང་བ་དང༌། མང་ཆེ་བ་ཉེ་ཆར་ཕྱི་ཟླ་གསུམ་པའི་ནང་བྱུང་ཡོད་པ་བརྟེན་ནས། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་བསྒྱུར་བཅོས་གཏོང་དགོས་ངེས་ཀྱི་དུས་ལ་སླེབས་འདུག དབང་ཆ་ནི་དྲག་པོའི་མེ་མདའི་འཇིགས་སྐུལ་འོག་ནས་རྒྱུན་རིང་གནས་ཐུབ་ཐབས་མེད་པ་རེད་ཅེས་བཀའ་གནང་ཡོད་པ་རེད།