གཞན་ཕན་ཆེད་ལས་དོན་གནང་མཁན་གྱི་འདུ་འཛོམས།
2011.01.10
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་ཀུན་ནས་བྱམས་སྙིང་རྗེ་དང་གཞན་ཕན་བྱེད་དགོས་པའི་བཀའ་སློབ་དགོངས་དོན་བཞིན་བདུན་སྔོན་མའི་རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གཞན་ཕན་ཆེད་ལས་དོན་གནང་མཁན་མི་སྒེར་པ་དང་རོགས་ཚོགས་གྲངས་༧༥འདུ་འཛོམས་གནང་ཡོད་པ་རེད་
གཞན་ཕན་གྱི་ལས་དོན་སྤེལ་གནང་མཁན་དེ་དག་ནི་ཉམ་ཐག་ལ་རོགས་སྐྱོར་དང་ཞིང་པ་རྣམས་ཀྱི་ནུས་པ་འཕེལ་རྒྱས་ ཤེས་ཡོན་ རྩོད་རྙོག་འདུམ་འགྲིག་སོགས་ཀྱི་ཐོག་ཕྱག་ལས་གནང་མཁན་ཤ་སྟག་ཡིན་པ་རེད་ མི་ཆོས་རིང་ལུགས་ཐོག་ལས་དོན་སྤེལ་མཁན་དེ་དག་ལ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བའི་ནང་མི་ཉམ་ཐག་དང་འདྲ་མཉམ་གྱི་ཐོབ་ཐང་མ་རཀ་མཁན་རྣམས་ཀྱིས་རང་ཉིད་གཞན་ལས་ཞན་པ་ཡོད་པའི་བསམ་བློ་ཡོད་པ་དེ་དོར་དགོས་པའི་སྐོར་བཀའ་སློབ་གནང་ཡོད་པ་རེད་ དེའི་དཔེ་མཚོན་དུ་གོང་ས་མཆོག་ཐེངས་གཅིག་ལྷོ་ཨཕི་རི་ཀའི་སོ་ལྦེ་ཏོ་གྲོང་ཁྱེར་ནང་ཉམ་ཐག་སྡོད་སྒར་ཞིག་ལ་གཟིགས་ཞིབ་གནང་སྐབས་ཉམ་ཐག་རྣམས་ཀྱིས་རང་ཉིད་གཞན་ལས་ཞན་པ་ཡོད་པའི་བསམ་བློ་འཛིན་པ་དེ་མཁྱེན་རྟོག་བྱུང་ནས་བསམ་བློ་དེ་དོར་དགོས་པའི་ལམ་སྟོན་གནང་སྐོར་བཀའ་གནང་འདུག
དེ་ཡང་༸གོང་ས་མཆོག་གིས་ཉམ་ཐག་དང་འདྲ་མཉམ་གྱི་ཐོབ་ཐང་མ་ཐོབ་པ་རྣམས་ལ་གུས་བཀུར་དང་གདེང་སྤོབས་སྤྲད་ནས་ཁོང་ཚོར་སྡུག་བསྔལ་ལས་འགྲོལ་རྒྱུའི་ཐོབ་ཐང་དེ་གཅིག་པ་ཡོད་པ་ཤེས་རྟོག་ཡོད་པ་བཟོ་དགོས་ཞེས་ལམ་སྟོན་གནང་ཡོད་པ་རེད་ ཁ་ཉིན་རེས་གཟའ་པ་སངས་ཉིན་རྒྱལ་ས་ལྡི་ལིའི་ནང་གཞན་ཕན་གྱི་ལས་དོན་སྤེལ་མཁན་རོགས་ཚོགས་རྣམས་པའི་འདུ་ཚོགས་དེ་རོགས་ཚོགས་ཕན་ཚུན་གྱི་འབྲེལ་བ་དང་གཅིག་ཕན་གཅིག་རོགས་དང་ལས་དོན་རྒྱ་སྐྱེད་དེ་བཞིན་རོགས་རམ་གྱི་ལས་དོན་ལྡབ་སྐྱོར་མི་འབྱུང་བ་གནང་རྒྱུ་སོགས་ཀྱི་ཆེད་འདུ་ཚོགས་གནང་བ་ཞིག་ཡིན་པ་རེད་ གོང་ཞུས་ཀྱི་འདུ་ཚོགས་དེར་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨབ་རྡུལ་ཀ་ལམ་མཆོག་དང་གཞན་ཡང་རྒྱལ་སྤྱིའི་ཐོག་གཞན་ཕན་གྱི་ལས་དོན་སྤེལ་མཁན་ཁག་ཅིག་ཡང་མཉམ་ཞུགས་གནང་ཡོད་པ་རེད་