བཀའ་དང་བསྟན་བཅོས་ཡོངས་རྫོགས་བོད་ཡིག་ཏུ་ཕབ་སྒྱུར་དགོས་པའི་སྐུལ་མ།

༧གོང་ས་མཆོག་གིས་བོད་སྐད་ནང་མེད་པའི་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་ཡོངས་རྫོགས་བོད་ཡིག་ཐོག་ཕབ་སྒྱུར་ཞུ་རྒྱུའི་སྐུལ་མ།

2011.01.12

༄༅༎ཉེ་དུས་ལྦ་ན་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བསྟན་འགྱུར་བོད་སྐད་ནས་ཕྱི་རྒྱལ་སྐད་ཡིག་ཐོག་ཕབ་སྒྱུར་ཞུ་རྒྱུའི་ལྷན་ཚོགས་ཤིག་གནང་ཡོད་པ་དེའི་སར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་སྐད་ནང་མེད་པའི་སངས་རྒྱས་ཀྱི་བཀའ་དང་ནང་པའི་བསྟན་བཅོས་ཡོངས་སུ་རྫོགས་པ་བོད་ཡིག་ཐོག་ཕབ་སྒྱུར་ཞུ་དགོས་རྒྱུའི་སྐུལ་མ་གནང་འདུག།

ཉིན་བཞིའི་རིང་གི་ལྷན་ཚོགས་དེའི་ཐོག་ནུབ་ཕྱོགས་རྒྱལ་ཁབ་དང་རྒྱ་གར་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གི་ནང་ཆོས་སློབ་དཔོན་དང་ཞིབ་འཇུག་པ། བོད་ཀྱི་གདན་ས་ཁག་གི་དགེ་བཤེས་སོགས་ཚོགས་བཅར་བ་༡༥༠ལྷག་ཕེབས་ཡོད་ཅིང༌། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང༌།

ཨ་རིའི་ཀོ་ལམ་བི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་ནང་ཆོས་མཁས་པ་རོ་སྦཏ་ཐར་མེན་དང་ལྦ་ན་དབུས་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ཉེ་བའི་རིག་བདག་སློབ་དཔོན་དགེ་བཤེས་ངག་དབང་བསམ་བསྟན་ལགས་སོགས་མཉམ་ཞུགས་གནང་ཡོད་པ་རེད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་པའ་ལི་སྐད་ཡིག་ནང་ཡོད་པའི་ནང་པའི་བསྟན་བཅོས་མང་པོ་ཞིག་བོད་ཡིག་ནང་མེད་སྟབས་། སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་ཡོངས་རྗོགས་བོད་སྐད་ནང་ཕབ་སྒྱུར་ཞུ་དགོས་པའི་སྐོར་བཀའ་གནང་འདུག།

བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གོང་ཞུས་ལྷན་ཚོགས་དེའི་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་ཡོད་ཅིང༌། རིན་པོ་ཆེ་མཆོག་ནས་སྔར་ན་ལནྜ་དང་བོད་དབར་འབྲེལ་བ་ཆེན་པོ་ཡོད་པ་དང༌། དེའི་སྐབས་བོད་དང་རྒྱ་ནག་ནས་ཕེབས་པའི་ནང་ཆོས་སློབ་གཉེར་བ་ཚོར་ན་ལནྜ་གཙུག་ལག་སློབ་གཉེར་ཁང་དུ་དམིགས་བསལ་ཤག་ཕུལ་སྲོལ་ཡོད་པའི་སྐོར་གསུང་འདུག།

དེ་བཞིན་ཨ་རིའི་ཀོ་ལམ་བི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ ནང་ཆོས་སློབ་ཁྲིད་གནང་མཁན་སློབ་དཔོན་རོ་སྦཏ་ཐར་མེན་ཡིས་ དེང་སང་གི་འཛམ་གླིང་ནང་མིའི་འདོད་པའི་རྐྱེན་གྱིས་གོ་ལའི་ཚ་དྲོད་རྒྱས་པ་པ་སོགས་པའི་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་སྟབས། ཚན་རིག་ཅིག་པུའི་ལམ་ནས་དཀའ་ངལ་དེ་ཚོ་སེལ་ཐུབ་རྒྱུ་མིན་སྐོར་གསུངས་བཞག།

བསྟན་འགྱུར་བོད་སྐད་ནས་སྐད་ཡིག་གཞན་ཐོག་ཕབ་སྒྱུར་གནང་རྒྱུའི་ལྷན་ཚོགས་དེ་ཕྱི་ཚེས་༨ནས་༡༡བར་གྲོང་ཁྱེར་སར་ནའཐ་ནང་ཚུགས་གནང་ཡོད་པ་དང༌། ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་ལྦ་ན་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཀོ་ལམ་བི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ཨ་རིའི་ནང་ཆོས་སློབ་གཉེར་ཚན་པ་གཉིས་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎