༧གོང་ས་མཆོག་གིས་བོད་མི་ཚོཌ་བཅར་བར་མཇལ་ཁ་།
2011.05.25
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཐོག་ཕེབས་པའི་ཚོགས་བཅར་བ་༤༠༠ལྷག་ཙམ་ལ་དམིགས་བསལ་མཇལ་ཁ་བཀྲིན་ཆེ་གནང་མཛད་འདུག།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དེ་བཞིན་ བཞུགས་སྒར་རྡ་རམ་ས་ལར་ཉིན་གྲངས་བཞིའི་རིང་ཚོགས་གནང་ཡོད་པ་དང༌། ཚོགས་བཅར་བ་རྣམས་ཚོགས་ཆུང་བཅུ་ལ་བགོས་འགྲེམས་གནང་སྟེ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཀྱི་ནང་དོན་སྐོར་བགྲོ་གླེང་གནང་བའི་མཐར་སྤྱི་མོས་བྱུང་བའི་དགོངས་འཆར་ཕྱོགས་བསྡོམས་ཀྱི་སྙན་ཐོ་ཞིག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་གནང་འདུག།
ཚོགས་བཅར་བ་རྣམ་པ་ཚོ་ཚོགས་ཆུང་བཅུ་ལ་ཁག་བགོས་གནང་བའི་ནང་ནས་ཚོགས་ཆུང་བདུན་གྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཇིའི་རྒྱལ་པོ་འམ་རྒྱལ་མོ་ལྟར་བོད་རྒྱལ་ཁབ་ཀྱི་དབུ་འཁྲིད་ཀྱི་མཚན་གནས་བཞེས་དགོས་རྒྱུའི་རྒྱབ་གཉེར་ཞུས་ཡོད་ཅིང༌། ༧གོང་ས་མཆོག་གིས་རྒྱལ་ཁབ་ཀྱི་དབུ་འཁྲིད་ཀྱི་མཚན་གནས་བཞེས་རྒྱུའི་གསོལ་འདེབས་ལ་ཞལ་བཞེས་གནང་མེད་ནའང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པས་གོང་འབུལ་ཞུས་པའི་དེར་ཐུགས་ཞིབ་གནང་རྒྱུའི་ཞལ་བཞེས་གནང་འདུག།