༸གོང་ས་མཆོག་རྒྱ་གར་ནུབ་བེང་གོལ་ཁུལ་དུ་ཆིབས་བསྒྱུར།
2010.01.11
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གཟའ་ཉི་མའི་ཉིན་ནུབ་བེང་གོལ་གྱི་གྲོང་ཁྱེར་ཀོལ་ཀ་ཏའི་ནང་ཁྱུག་ཙམ་བཞུགས་པའི་རིང་མངའ་སྡེ་དེའི་སྤྱི་ཁྱབ་ཟུར་པ་ཇོ་ཏི་སྦ་སུ་དེང་སྐབས་ཀོལ་ཀ་ཏ་ཡི་སྨན་ཁང་ཞིག་ཏུ་སྙུན་གཞིས་རྐྱེན་པས་སྨན་བཅོས་གནང་བཞིན་པར་ཐུགས་སྨོན་སྐྱབས་མཇུག་གནང་ཡོད་པ་དང་ཕྱོགས་མཚུངས་ཀོལ་ཀ་ཏར་ཁྱུག་ཙམ་བཞུགས་རིང་ས་ ད་ལྟའི་བོད་ཀྱི་གནས་སྟངས་དང་དེ་བཞིན་གནས་སྟངས་ཁག་ཅིག་ལ་འགྱུར་ལྡོག་འགྲོ་བཞིན་པའི་སྐོར་གསར་འགོད་པར་བཀའ་གནང་ཡོད་ཅིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་མི་མང་རྣམས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་ཤེས་ཐུབ་རྒྱུ་དང་ཕྱི་གསལ་ནང་གསལ་དགོས་རྒྱུ་དེ་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་པའི་སྐོར་བཀའ་གནང་བ་དང་ཕྱོགས་མཚུངས་ཉེ་དུས་རྒྱ་ནག་གི་ཤེས་ལྡན་པའི་ཁྲོད་དུ་ཡང་བོད་མིའི་གནས་སྟངས་ཤེས་པའི་ཐོག་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྐོར་བཀའ་བསྩལ་འདུག
ནུབ་བེང་གོལ་ཁུལ་གྱི་མཛད་འཆར་སྒྲུབ་པའི་རྗེས་དེ་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་ཉིན་རྒྱབ་༸གོང་ས་མཆོག་གིས་ས་ཁུལ་དེའི་ནང་གི་བོད་གཞུང་སློབ་གྲར་ཆིབས་བསྒྱུར་གྱིས་ཁུལ་དེའི་དགེ་ལས་སློབ་ཕྲུག་ཚོར་བཀའ་སློབ་གནང་དོན་ལ་བོད་མི་ཚོ་བཙན་བྱོལ་དུ་འབྱོར་བའི་རྗེས་ཀྱི་བྱས་རྗེས་ཆེ་ཤོས་དེ་ནི་ཤེས་ཡོན་ཐོབ་ཡོད་པའི་སྐོར་བཀའ་གནང་ཡོད་ཅིང་༸གོང་ས་མཆོག་ཨོ་རི་ས་ཁུལ་དུ་ཆིབས་བསྒྱུར་བསྐྱངས་པའི་རིང་ས་ཁུལ་དེའི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་གསུང་ཆོས་བཀའ་དྲིན་བསྐྱངས་རྒྱུ་དང་དེ་བཞིན་དགོན་པ་གསར་བཞེངས་ཀྱི་དབུ་འབྱེད་གནང་རྒྱུ་ཡིན་ཞིང་དེ་རྗེས་ཕྱི་ཚེས་༡༥ཉིན་ཚོགས་རྒྱུའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་དབུ་བཞུགས་གནང་རྒྱུ་ཡིན་འདུག