༸གོང་ས་མཆོག་ནས་བོད་དུ་ཕྱིར་ལོག་ཕེབས་ཐུབ་པའི་ཐུགས་རེ།
2009.04.30
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ནང་ཕྱིར་ལོག་ཕེབས་ཐུབ་རྒྱུའི་ཐུགས་རེ་གནང་བཞིན་ཡོད་ཅེས་བཀའ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ཉི་ཤུ་བཞི་ནས་བཟུང་ཐོག་མར་ཨ་རི་ནུབ་ཕྱོགས་ཀེ་ལི་ཕོར་ནི་ཡའི་མངའ་སྡེའི་སེན་ཕེ་རན་སིསི་ཀོ་དང་སེན་ཊ་སྦར་སྦ་ར་ཞེས་པའི་གྲོང་ཁྱེར་གཉིས་སུ་མཛད་འཆར་ཁག་ལེགས་པར་གྲུབ་གནང་བའི་རྗེས་སུ་ཁ་ས་རེས་གཟའ་ལྷག་པའི་ཉིན་ཨ་རི་ཤར་ཕྱོགས་སྦོ་སི་ཊོན་ཁུལ་ཞབས་སོར་འཁོད་གནང་ཡོད་པ་རེད། ཁུལ་དེའི་མཛད་འཆར་ཐོག་མར་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་ཡོད་པ་དེའི་ཐོག་གསར་འགྱུར་འགོད་མཁན་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གནད་དོན་མང་དག་ཅིག་ཐོག་བཅར་འདྲི་ཞུས་ཡོད་པ་དང་ལྷག་པར་དུ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ད་ཆ་ལོ་ངོ་ལྔ་བཅུ་ཙམ་འགྲོ་གི་ཡོད་པར་བརྟེན་༸གོང་ས་མཆོག་མ་འོངས་པར་བོད་ནང་ཕྱིར་ལོག་ཕེབས་ཐུབ་རྒྱུའི་ཐུགས་རེ་གནང་གི་ཡོད་དམ་ཞེས་བཅའ་འདྲི་ཞུས་པའི་བཀའ་ལན་དུ་ངེས་པར་དུ་ཕྱིར་ལོག་ཐུབ་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་བཀའ་གནང་འདུག དེ་དང་ཕྱོགས་མཚུངས་ཨ་རིའི་གཞུང་གསར་པའི་ངོས་ནས་བོད་ཀྱི་གནད་དོན་ཐོག་སྲིད་བྱུས་འཛིན་སྟངས་ལ་འགྱུར་བ་བ་ཐེབས་ཀྱི་ཡོད་མེད་དགོངས་ཚུལ་བཀའ་འདྲི་ཞུས་པའི་སྐབས་དམིགས་བསལ་གཞུང་གསར་རྙིང་དབར་འགྱུར་བ་ཐེབས་ཀྱི་རེད་དགོངས་ཀྱི་མི་འདུག་ཀྱང་ད་ལྟའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གི་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་ནས་འབྲེལ་བ་གནང་ཕྱོགས་དེས་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་སྲིད་པ་རེད། འོན་ཀྱང་དེ་དང་ཆབས་ཅིག་སྲིད་འཛིན་ཟུར་པ་འཇོར་ཇ་སྦུ་ཤི་མཆོག་མི་ཐུགས་གཤིས་བཟང་པོ་ཡོད་མཁན་ཞིག་རེད་ལ་༸གོང་ས་མཆོག་ཁོང་ལ་མཉེས་པོ་ཡོད་ཅེས་བཀའ་ལན་གནང་ཡོད་པ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྦོ་སི་ཊོན་ཁུལ་ཉིན་གྲངས་གསུམ་རིང་བཞུགས་རྒྱུའི་མཛད་འཆར་ཡོད་པ་དང་དེའི་རིང་ཁུལ་དེའི་བོད་མིའི་སྤྱི་མཐུན་ཚོགས་པས་གོ་བསྒྲིགས་འོག་བཀའ་ཆོས་དང་མང་ཚོགས་ལ་གསུངས་བཤད་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།