༸གོང་ས་མཆོག་ནས་མཚོ་རླུང་གི་གོད་ཆགས་ཕོག་མིར་ཐུཌ་སྨོན།
2009.10.05
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ཨིན་ཌོ་ནེ་ཤེ་ཡ་དང་སཱ་མོ་ཨ་མཚོ་གླིང་ནང་ས་ཡོམ་དང་མཚོ་རླུང་གི་གོད་ཆགས་ཕོག་པ་རྣམས་ཀྱི་ཆེད་ཐུགས་སྨོན་གསོལ་འདེབས་གནང་ཡོད་པ་རེད།
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་སྒེར་གྱི་དྲ་རྒྱའི་ནང་ཉེ་ལམ་ཨིན་ཌོ་ནེ་ཤེ་ཡ་ནང་ས་ཡོམ་དང་ཨ་མི་རི་ཀའི་སཱ་མོ་ཨ་མཚོ་གླིང་ནང་མཚོ་རླུང་དྲག་པོས་མི་རྒྱུ་གཉིས་ལ་གོད་ཆགས་ཆེན་པོ་ཕོག་པ་དེར་ཐུགས་ཕམ་ཡོད་སྐོར་བཀའ་གནང་ཡོད་པ་རེད། གོང་ཞུས་ཡུལ་ཁག་དེ་གཉིས་ཀྱི་ཆག་སྒོ་ཕོག་པ་མི་མང་བརྒྱ་ཕྲག་རྣམས་ལ་ཐུགས་གསོ་དང་ཐུགས་སྨོན་གནང་ཡོད་སྐོར་༸གོང་ས་མཆོག་གི་དྲ་རྒྱའི་ནང་གནས་ཚུལ་བཀོད་ཡོད་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནས་ཚུལ་བཏོན་པར་གཞིགས་ན་ཁ་སྔོན་རེས་གཟའ་ལྷག་པ་ཉིན་ཨིན་ཌོ་ནེ་ཤེ་ཡའི་ནུབ་ཕྱོགས་སུའུ་མ་ཏྲ་ཞིང་ཆེན་ནང་ས་ཡོམ་འགུལ་ཚད་བདུན་དང་གྲངས་ཆུང་དྲུག་ཞིག་རྒྱབ་པ་དེས་ཉུང་མཐར་མི་གྲངས་༡༡༠༠ཡི་ཚེ་སྲོག་ཤོར་ཡོད་སྐོར་གསུང་ཡང་མཐར་མི་གྲངས་༥༠༠༠ལྷག་གི་ཚེ་སྲོག་ཤོར་སྲིད་སྐོར་ཚོད་དཔག་གནང་ཡོད་པ་རེད། ཡང་རེས་གཟའ་ཉི་མ་ཉིན་ཨིན་ཌོ་ནེ་ཤེ་ཡའི་ནུབ་ཕྱོགས་པཱ་པུ་ཨ་ཞེས་པའི་ཞིང་ཆེན་དེར་ས་ཡོམ་འགུལ་ཚད་ལྔ་དང་གྲངས་ཆུང་ལྔ་ཞིག་རྒྱབ་པ་དེས་མི་རྒྱུ་གཉིས་ལ་གནོད་ཚབས་ཇི་བྱུང་དལྟའི་ཆར་ཁ་གསལ་མེད་པ་རེད། ཡང་བདུན་སྔོན་མའི་རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་མངའ་འོག་ཡོད་པའི་སཱ་མོ་ཨ་མཚོ་གླིང་དང་དེའི་ཉེ་འཁྲིས་ཊོང་ག་མཚོ་གླིང་ནང་མཚོ་འོག་ཆུ་རླུང་འགུལ་ཚད་བརྒྱད་ཞིག་རྒྱབ་པ་དེས་མི་གྲངས་༡༧༠ཡི་ཚེ་སྲོག་ལེན་པ་དང་འགའ་ཤས་ཀྱི་གནས་སྟངས་གར་ཡོད་ཆ་མ་རྟོགས་པའི་གནས་སུ་གྱར་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཨ་རི་དང་ཁེ་ན་ཌའི་ནང་ཞབས་སོར་འཁོད་ཡོད་ཅིང་གང་ཉིད་རེས་གཟའ་ཟླ་བའི་ཉིན་གུང་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ནིའུ་ཡོག་གྲོང་ཁྱེར་ནས་ཞབས་སོར་འཁོད་གནང་རྒྱུ་དང་ལྦ་ཤིང་ཀྲོན་ནང་བདུན་གཅིག་ཙམ་རིང་ཆོས་སྲིད་ཀྱི་མཛད་འཕྲིན་རླབས་ཆེན་ཞིག་བསྐྱངས་གནང་རྒྱུ་ཡིན་པ་རེད།