རྩེད་འགྲན་ལ་༧གོང་ས་མཆོག་ཕེབས་ཁོམ་མེད་སྐོར།
2011.05.16
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ཨའེ་པི་ཨེལ་(IPL)ཞེས་པའི་རྒྱུགས་རྩེད་ཀྱི་འགྲན་བསྡུར་དེར་གདན་ཞུ་ཕུལ་ཡང་ཕེབས་ཁོམ་མེད་པའི་གནས་ཚུལ་ཐོན་འདུག དེ་ཡང་༸གོང་ས་མཆོག་རེས་གཟའ་མིག་དམར་ཉིན་བཞུགས་སྒར་དུ་རྒྱ་གར་གྱི་ཨའེ་པི་ཨེལ་ཞེས་ཁེག་ཀེ་ཌེ་(Cricket)རྒྱུགས་རྩེད་ཀྱི་འགྲན་བསྡུར་དེར་ཕེབས་རྒྱུའི་འཆར་གཞིར་འགྱུར་བ་ཐེབས་ཏེ་གང་ཉིད་ཉི་ཧོང་དང་ཨ་རི་བཅས་པའི་ཡུལ་ཁག་ནས་ཕྱིར་འཁོར་མཚམས་ཡིན་སྟབས་ཕེབས་ཁོམས་ཡོང་་རྒྱུ་མིན་པ་རེད་ དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་ཟུང་འབྲེལ་དྲུང་ཆེ་སྟག་ལྷ་བསྟན་འཛིན་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དང་ཨ་རི་བཅས་པའི་ཡུལ་ཁག་ནང་བདུན་གཉིས་ཙམ་རིང་མཛད་འབྲེལ་ཧ་ཅང་གི་ཆེན་པོ་ཞིག་སྐྱངས་ནས་ཕྱིར་འཁོར་གྲུབ་ཙམ་ཡིན་སྟབས་རེས་གཟའ་མིག་དམར་གྱི་ཁེག་ཀེ་ཌེ་རྒྱུགས་རྩེད་ཀྱི་འགྲན་བསྡུར་དེར་ཆིབས་བསྒྱུར་གནང་རྒྱུ་མིན་སྐོར་གསུང་འདུག
ཁོང་གིས་༸གོང་ས་མཆོག་སྐུ་ཐང་ཆད་ཡོད་པ་མ་ཟད་གང་ཉིད་ཉིན་གུང་ཕྱག་ཚོད་ ༣ དང་ཕྱེད་ཀ་ཙམ་ནས་ཉིན་དེའི་ཕྱག་ལས་ཁག་མཚམས་འཇོག་གནང་གི་ཡོད་སྐོར་ཡང་གསུང་འདུག སྔ་ལོ་རྒྱ་གར་གྱི་ཨའེ་པི་ཨེལ་ཞེས་པའི་རྒྱུགས་རྩེད་ཀྱི་རྩེད་འགྲན་དེར་གོང་ས་མཆོག་ཆིབས་བསྒྱུར་གནང་ཡོད་པ་མ་ཟད་གང་ཉིད་ཀྱིས་རྒྱུགས་རྩེད་ཀྱི་འགྲན་བསྡུར་ནང་ཞུགས་མཁན་རྣམས་པར་མཇལ་ཁ་དང་མགུལ་དར་གནང་བ་ཟ་ཟད་ཁོང་ཚོའི་ལྷན་དུ་འདྲ་དཔར་ཡང་སྐྱོན་གནང་རྒྱུའི་གོ་སྐབས་ཕུལ་ཡོད་པ་རེད་ རྒྱུགས་རྩེད་ལ་དགའ་བའི་བོད་མི་རྡོ་རྗེ་ནོར་བུ་ཟེར་བ་ཞིག་གིས་གོང་ས་མཆོག་ད་ཐེངས་ཀྱི་རྒྱུགས་རྩེད་ཀྱི་འགྲན་བསྡུར་དེར་ཕེབས་ཁོམས་འགྱུར་མ་གནང་བའི་གནས་ཚུལ་དེ་རྒྱུགས་རྩེད་ལ་དགའ་པོ་བྱེད་མཁན་རྣམས་ལ་བློ་ཕམ་ཆེན་པོ་ཞིག་དང་མང་ཚོགས་ལ་གོང་ས་མཆོག་གི་ཞལ་མཇལ་ཐོབ་རྒྱུའི་གོ་སྐབས་དེ་ཡང་མེད་པ་ཆགས་པ་རེད་ཅེས་གསུང་འདུག